ཕུའུ་ཅིན་གྱིས་སི་རི་ཡཱའི་གནད་དོན་གྱི་ཨུ་རུ་སི་དང་ཐུར་ཁེ། ཧྥ་རན་སི། འཇར་མན་བཅས་ཕྱོགས་བཞིའི་མཐོ་རིམ་གྲོས་ཚོགས་བསྡུ་བར་རྒྱབ་སྐྱོར་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་སི་རི་ཡཱའི་གནད་དོན་ཐད་ནས་ཨུ་རུ་སི་དང་ཐུར་ཁེ། ཧྥ་རན་སི། འཇར་མན་བཅས་ཕྱོགས་བཞིའི་མགོ་ཁྲིད་པའི་གྲོས་མོལ་བསྡུ་བར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར། 

ཕའེ་སི་ཁི་ཧྥུའུ་ཡིས་ཉིན་དེར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཕུའུ་ཅིན་གྱིས་སི་རི་ཡཱའི་གནད་དོན་ཐད་ནས་ཨུ་རུ་སི་དང་ཐུར་ཁེ། ཧྥ་རན་སི། འཇར་མན་བཅས་ཕྱོགས་བཞིའི་མགོ་ཁྲིད་པའི་གྲོས་མོལ་བསྡུ་བར་རྒྱབ་སྐྱོར་བྱེད་པ་དང་། མིག་སྔར་ཕྱོགས་སོ་སོས་གྲོས་མོལ་གྱི་དུས་ཚོད་ལ་གྲོས་བསྡུར་བྱེད་བཞིན་ཡོད་ཟེར། ཁོས་བསྟན་དོན། ཐུར་ཁེ་ཡིས་ད་རུང་ཨུ་རུ་སི་དང་ཐུར་ཁེའི་མགོ་ཁྲིད་པས་ཉིས་སྟོང་བཅོ་བརྒྱད་ལོར་སོ་ཆི་ནས་བཀོད་པའི་གྲོས་མཐུན་ལག་བསྟར་བྱས་མེད་ཟེར། 

བསྒྲགས་པ་ལྟར་ན། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་ཉེར་གཅིག་ཉིན་བསྟན་དོན། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གཉིས་ཀྱིས་ཟླ་གསུམ་པའི་ཚེས་ལྔ་ཉིན་དབྱི་སི་ཐན་པོར་ནས་སི་རི་ཡཱའི་གནད་དོན་གྱི་ཨུ་རུ་སི་དང་ཐུར་ཁེ། ཧྥ་རན་སི། འཇར་མན་བཅས་ཕྱོགས་བཞིའི་མཐོ་རིམ་གྲོས་ཚོགས་བསྡུ་རྒྱུའི་གྲོས་གཞི་བཏོན་ཡོད་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།