ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་ཏཱ་མཱ་ཧྲི་ཀི་ནས་ཨ་ལེ་ཕའོ་བར་གྱི་འཐབ་ཇུས་གཞུང་ལམ་གཙོ་བོར་རླངས་འཁོར་གཏོང་བ་སླར་གསོ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་འགྲིམ་འགྲུལ་པུའུ་ཡིས་ཚེས་ཉེར་གཉིས་ཉིན་ཁྱབ་སྒྲོག་བྱས་དོན། སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀི་དང་བྱང་ཕྱོགས་ཀྱི་ཨ་ལེ་ཕའོ་གྲོང་ཁྱེར་བར་གྱི་གཞུང་ལམ་དུ་དངོས་སུ་རླངས་འཁོར་གཏོང་བ་སླར་གསོ་བྱས་ཟེར། 

སི་རི་ཡཱའི་འགྲིམ་འགྲུལ་པུའུ་ཀྲང་ཧཱ་མུའུ་ཏི་ཡིས་ཉིན་དེར་ཁྱབ་སྒྲོག་བྱས་དོན། ཏཱ་མཱ་ཧྲི་ཀི་ནས་ཨ་ལེ་ཕའོ་བར་གྱི་གཞུང་ལམ་དུ་དངོས་སུ་རླངས་འཁོར་གཏོང་བ་སླར་གསོ་བྱས་པ་དང་། སི་རི་ཡཱའི་མང་ཚོགས་ལ་བེད་སྤྱོད་བྱེད་དུ་བཅུག་ཡོད་ཟེར། དེ་ལས་གཞན་ནུབ་ཕྱོགས་ཀྱི་ཧའོ་མུའུ་སི་དང་། ཧཱ་མཱ། ཨ་ལེ་ཕའོ་བཅས་བར་གྱི་ལྕགས་ལམ་སླར་གསོའི་བྱ་བའང་སྤེལ་མགོ་བརྩམས་པ་དང་། ཚོད་དཔག་བྱས་ན་ཟླ་ངོ་འགའི་ནང་ཡོངས་འགྲུབ་བྱེད་ཐུབ་པ་རེད། 

སི་རི་ཡཱའི་གཞུང་ལམ་འགྲིམ་འགྲུལ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་ཧེ་ཏི་ཨར་གྱིས་གཞུང་ལམ་སླར་གསོའི་གནས་ཚུལ་མཚམས་སྦྱོར་བྱེད་སྐབས་བཤད་རྒྱུར། ཏཱ་མཱ་ཧྲི་ཀི་ནས་ཨ་ལེ་ཕའོ་བར་གྱི་གཞུང་ལམ་གྱི་ཧན་ཞེ་ཧོང་གྲོང་རྡལ་ནས་ཨ་ལེ་ཕའོ་གྲོང་ཁྱེར་བར་གྱི་སྤྱི་ལེ་བརྒྱ་དང་ལྔ་ཡོད་པའི་བར་མཚམས་གཞུང་ལམ་ལ་དེའི་སྔོན་འཇིགས་སྐུལ་ཉེས་ཅན་གྱིས་ཚོད་འཛིན་བྱས་པས་ལམ་ངོས་ལ་གཏོར་བརླག་མི་དམན་པ་ཐེབས་ཡོད། འགྲིམ་འགྲུལ་སྡེ་ཁག་གིས་སི་རི་ཡཱའི་དམག་དཔུང་གིས་གཞུང་ལམ་ཡོད་སའི་གནས་དེ་བཅིངས་འགྲོལ་བྱས་མ་ཐག་མྱུར་དུ་མི་སྣ་རྩ་འཛུགས་བྱས་ནས་ཞིག་གསོ་བྱས་ཀྱང་། སྔར་བཞིན་ཞིག་གསོའི་བྱ་བ་ཡོངས་འགྲུབ་བྱས་མེད་པས་ཚང་མ་ལམ་དེར་བགྲོད་སྐབས་དལ་མོར་བསྐྱོད་དགོས་ཟེར། 

ཏཱ་མཱ་ཧྲི་ཀི་ནས་ཨ་ལེ་ཕའོ་བར་གྱི་གཞུང་ལམ་དེ་སི་རི་ཡཱའི་ནུབ་ཕྱོགས་ས་ཁུལ་དུ་གནས་ཤིང་། སི་རི་ཡཱའི་ནུབ་ཕྱོགས་ཀྱི་ཏཱ་མཱ་ཧྲི་ཀི་དང་སི་རི་ཡཱའི་དབུས་ཕྱོགས་ཀྱི་ཧའོ་མུའུ་སི། ཧཱ་མཱ། བྱང་ཕྱོགས་ཀྱི་ཨ་ལེ་ཕའོ་སོགས་གྲོང་ཁྱེར་གཙོ་བོ་དག་གཅིག་ཏུ་སྦྲེལ་ཡོད་པ་དང་། ལྷོ་ཕྱོགས་ནས་སི་རི་ཡཱ་དང་ཅོར་ཏན་གྱི་མཐའ་མཚམས་གཞུང་ལམ་ལ་སྦྲེལ་ཡོད་པས། དངོས་ཟོང་སྐྱེལ་འདྲེན་ཐད་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་པ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།