ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ཧྲ་ཨར་གྱིས་དམ་བཅའ་བཞག་སྟེ་སུའུ་ཏན་ལྷོ་མའི་བར་བརྒལ་མཉམ་འབྲེལ་སྲིད་གཞུང་གི་ཙུང་ཐུང་གཞོན་པ་དང་པོའི་འགན་ཁུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའུ་ཏན་ལྷོ་མའི་སྔོན་ཆད་ཀྱི་ཆེས་ཆེ་བའི་ངོ་རྒོལ་ཕྱོགས་ཁག་གི་མགོ་ཁྲིད་པ་མཱ་ཧྲ་ཨར་གྱིས་ཚེས་ཉེར་གཉིས་ཉིན་དམ་བཅའ་བཞག་སྟེ་སུའུ་ཏན་ལྷོ་མའི་བར་བརྒལ་མཉམ་འབྲེལ་སྲིད་གཞུང་གི་ཙུང་ཐུང་གཞོན་པ་དང་པོའི་འགན་ཁུར། 

སུའུ་ཏན་ལྷོ་མའི་རྒྱལ་ས་ཀྲུའུ་པཱ་ནས་སྤེལ་བའི་དམ་བཅའ་བཞག་སྟེ་ལས་འགན་ཁུར་བའི་མཛད་སྒོའི་སྟེང་། མཱ་ཧྲ་ཨར་དང་མཉམ་དུ་དམ་བཅའ་བཞག་སྟེ་ལས་འགན་ཁུར་མཁན་ལ་ད་རུང་བར་བརྒལ་མཉམ་འབྲེལ་སྲིད་གཞུང་གི་ཙུང་ཐུང་གཞོན་པ་གསུམ་ཡོད། མཱ་ཧྲ་ཨར་གྱིས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བའི་རྗེས་སུ་བསྟན་དོན། ཁོས་ཙུང་ཐུང་ཅི་ཨར་བར་མཉམ་ལས་ཟབ་མོ་བྱེད་པ་དང་། ཉིས་སྟོང་བཅོ་བརྒྱད་ལོར་བཀོད་པའི་ཞི་བའི་གྲོས་མཐུན་དངོས་འབེབས་བྱས་ཏེ། སུའུ་ཏན་ལྷོ་མའི་ཞི་བདེ་མངོན་འགྱུར་བྱེད་པའི་ཐད་འབད་བརྩོན་བྱེད་རྒྱུ་ཡིན་ཟེར། 

ཅི་ཨར་གྱིས་བསྟན་དོན། སུའུ་ཏན་ལྷོ་མའི་བར་བརྒལ་མཉམ་འབྲེལ་སྲིད་གཞུང་ཉིན་དེར་བཙུགས་པ་ལས་སུའུ་ཏན་ལྷོ་མར་ཞི་བདེ་བྱུང་ཡོད་པ་དང་དེར་འགྱུར་ལྡོག་འབྱུང་མི་སྲིད་པ་མཚོན་ཡོད་ཟེར། 

ཡིན་ཡང་ཚེས་ཉེར་གཉིས་ཉིན་ཁྱབ་སྒྲོག་བྱེད་པར་ཐག་བཅད་པའི་བར་བརྒལ་མཉམ་འབྲེལ་སྲིད་གཞུང་གི་ཙུང་ཐུང་གཞོན་པ་གཞན་ཞིག་དང་ནེ་ཀིའི་ཁོངས་མི་གཞན་པའི་མིང་ཐོ་ཉིན་དེར་ཁྱབ་སྒྲོག་བྱས་མེད། 

སུའུ་ཏན་ལྷོ་མའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། བར་བརྒལ་མཉམ་འབྲེལ་སྲིད་གཞུང་གིས་ལོ་གསུམ་རིང་ལས་འགན་ཁུར་ཏེ་འདེམ་བསྐོའི་བྱ་འགུལ་ཆེན་མོར་རྨང་འདིང་རྒྱུ་རེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།