ཀྲུང་གོ་བོད་ཀྱི་དྲ་བ།

2020ལོའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མཐོ་རིམ་དཔོན་པོའི་གྲོས་ཚོགས་ཐོག་མ་མཱ་ལེ་ཞི་ཡཱ་ནས་མཇུག་སྒྲིལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིས་སྟོང་ཉི་ཤུ་ལོའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མཐོ་རིམ་དཔོན་པོའི་གྲོས་ཚོགས་ཐོག་མ་ཚེས་ཉེར་གཉིས་ཉིན་མཱ་ལེ་ཞི་ཡཱའི་ཕུའུ་ཐི་ལཱ་ཅཱ་ཡཱ་ནས་མཇུག་སྒྲིལ། ད་ལོའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགྲོན་བདག་རྒྱལ་ཁབ་མཱ་ལེ་ཞི་ཡཱ་ཕྱོགས་ཀྱིས་བསྟན་དོན། ཐེངས་འདིའི་མཐོ་རིམ་དཔོན་པོའི་གྲོས་ཚོགས་ནས་ཕན་ནུས་ལྡན་པའི་སྲིད་ཇུས་བཏོན་ནས་ས་ཁུལ་རང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པར་བརྩོན་ལེན་བྱས་ཡོད་ཟེར། 

གྲོས་ཚོགས་མཐུན་སྦྱོར་གྱི་འགན་ཁུར་བའི་མཱ་ལེ་ཞི་ཡཱའི་རྒྱལ་སྤྱིའི་ཉོ་ཚོང་དང་བཟོ་ལས་པུའུ་ཡི་གསལ་སྒྲོག་ཅིག་ལས་བསྟན་དོན། ཐེངས་འདིའི་མཐོ་རིམ་དཔོན་པོའི་གྲོས་ཚོགས་དང་འབྲེལ་ཡོད་ཀྱི་གྲོས་ཚོགས་ནི་ཟླ་འདིའི་ཚེས་གསུམ་ཉིན་ནས་ཚེས་ཉེར་གཉིས་ཉིན་བར་སྤེལ་བ་དང་། དེའི་ནང་གྲོས་ཚོགས་དང་ཞིབ་བསྡུར་ཚོགས་འདུ། ཡུལ་དངོས་རྟོག་ཞིབ་སོགས་བྱ་འགུལ་བརྒྱ་ཕྲག་ལྷག་འདུས་ཡོད་པ་དང་། ད་ལོའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མི་དམངས་ཀྱི་སྦས་ཤུགས་སྔོག་འདོན་བྱས་ཏེ་དར་རྒྱས་ཀྱི་མ་འོངས་པ་མཉམ་སྤྱོད་བྱེད་ཅེས་པའི་བརྗོད་སྙིང་ལ་དམིགས་ཏེ་མཉམ་ལས་བྱས་པ་དང་། གཙོ་བོ་ཉོ་ཚོང་དང་དངུལ་གཏོང་། གྲངས་ལྡན་དཔལ་འབྱོར། གསར་གཏོད། བཟོད་སྒོམ། རྒྱུན་མཐུད་འཕེལ་རྒྱས་བཅས་ཡིན་ཟེར། 

མཱ་ལེ་ཞི་ཡཱའི་རྒྱལ་སྤྱིའི་ཉོ་ཚོང་དང་བཟོ་ལས་པུའུ་ཡི་དཔོན་རིགས་ཀྱིས་ཚེས་ཉེར་གཉིས་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། གྲོས་ཚོགས་ནས་ད་ལོའི་ལོ་མཇུག་གི་སྔོན་དུ་དམིགས་འབེན་གཅིག་གྱུར་བྱེད་པ་དང་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཉིས་སྟོང་ཉི་ཤུ་ལོའི་རྗེས་ཀྱི་མཉམ་ལས་རེ་འདུན་གཏན་འབེབས་བྱེད་པའི་ཐད་ལ་གྲོས་བསྡུར་བྱས་པ་དང་། ཚོགས་ཞུགས་འཐུས་མི་དག་ད་ལྟའི་དུས་རིམ་བླངས་པའི་གྲུབ་འབྲས་ལ་ཡིད་ཚིམས་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།