ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་ལས་སུའུ་ཏན་ལྷོ་མའི་མི་གྲངས་ཕྱེད་ཀའི་ཡན་ལྟོགས་སྐོམ་གྱི་གནས་སུ་ལྷུང་སྲིད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་དང་། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པ། འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་། སུའུ་ཏན་ལྷོ་མའི་སྲིད་གཞུང་བཅས་ཀྱིས་ཉེ་སྔོན་མཉམ་འབྲེལ་དུ་སྙན་ཞུ་སྤེལ་ཏེ། ཉུང་མཐར་ཡང་སུའུ་ཏན་ལྷོ་མའི་མི་ས་ཡ་དྲུག་དང་འབུམ་ལྔ་སྟེ་སུའུ་ཏན་ལྷོ་མའི་མི་གྲངས་ཕྱེད་ཀའི་ཡན་ལ་ད་ལོའི་ཟླ་ལྔ་བ་ནས་ཟླ་བདུན་པའི་བར་ལྟོགས་སྐོམ་ཚབས་འབྱུང་སྲིད་པར་འདོད། 

སྙན་ཞུ་ལས་བཤད་རྒྱུར། སུའུ་ཏན་ལྷོ་མའི་ན་ནིང་ཆུ་ལོག་གི་གནོད་འཚེ་ཐེབས་པའི་ས་ཁུལ་གྱི་འབྲུ་རིགས་བདེ་འཇགས་གནས་ཚུལ་ཇེ་སྡུག་ཏུ་སོང་ཡོད། ད་ལོའི་ཟླ་དང་པོར་སུའུ་ཏན་གྱི་མི་ས་ཡ་ལྔ་ལྷག་ལ་འབྲུ་རིགས་དཀོན་པའི་གནས་ཚུལ་ཚབས་ཆེན་བྱུང་། ཆུ་ལོག་དང་མི་མང་བོར་འགྲོ་སའི་ཁྱིམ་མེད་པར་གྱུར་བ། ས་ཁུལ་རེ་འགའ་བདེ་འཇགས་མིན་པ། དཔལ་འབྱོར་ཉམས་ཉེན། ལོ་ཏོག་གི་ཐོན་ཚད་ཇེ་དམའ་རུ་སོང་བ་སོགས་རྒྱུ་རྐྱེན་དབང་གིས་འབྲུ་མཛོད་ཀྱི་གསོག་ཉར་མེད་པར་གྱུར་བ་དང་། འབྲུ་རིགས་ཀྱི་རིན་གོང་ཇེ་མཐོར་སོང་། ཚོད་དཔག་བྱས་ན་ཟླ་འདིའི་ཟླ་མཇུག་ཏུ་ལྟོགས་སྡུག་མྱོང་བའི་གནས་ཚུལ་སྔར་ལས་ཛ་དྲག་ཏུ་གྱུར་སྲིད་ཟེར། 

སྙན་ཞུ་ལས་སུའུ་ཏན་ལྷོ་མར་ད་ལོར་འཚོ་བཅུད་ཀྱིས་མི་འདང་བའི་བྱིས་པ་ས་ཡ་གཅིག་དང་འབུམ་གསུམ་ལ་བསླེབ་སྲིད་ཟེར། 

སུའུ་ཏན་ལྷོ་མ་རུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་འཐུས་མི་མཱེ་ཧྲ་ཁི་མཱ་ལོ་ཡིས་བཤད་རྒྱུར། སུའུ་ཏན་ལྷོ་མར་ད་ལྟ་བྱེ་ཐང་གི་འབུ་ཆ་ག་བའི་གནོད་འཚེ་ཐེབས་ཡོད་པས། དེ་ལས་ལྟོགས་སྡུག་མྱོང་བའི་རྣམ་པ་སྔར་ལས་ཚབས་ཆེན་དུ་འགྱུར་སྲིད་ཟེར། 

སུའུ་ཏན་ལྷོ་མ་ནི་ཉིས་སྟོང་བཅུ་གཅིག་ལོར་རང་བཙན་བྱས་ཤིང་། འཛམ་གླིང་སྟེང་འཛུགས་ཡུན་ཆེས་ཐུང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། འཛམ་གླིང་སྟེང་ཆེས་དབུལ་ཕོངས་ཀྱི་རྒྱལ་ཁབ་ཅིག་ཀྱང་ཡིན་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།