ཀྲུང་གོ་བོད་ཀྱི་དྲ་བ།

ཕིན་ཕའེ་ཨོ་ཡིས་ཨ་མེ་རི་ཁ་དང་ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱིས་ཟླ་གཉིས་པའི་ཟླ་མཇུག་ཏུ་ཞི་བདེའི་གྲོས་མཐུན་འགོད་ཐུབ་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

      ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་ཚེས་ཉེར་གཅིག་ཉིན་བསྟན་དོན། ཨ་མེ་རི་ཁ་ཕྱོགས་དང་ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་གྱིས་དེའི་སྔོན་བཀོད་པའི་དྲག་ཤུགས་བྱ་འགུལ་ཇེ་ཉུང་དུ་གཏོང་བའི་གྲོས་མཐུན་བདེ་བླག་ངང་ལག་བསྟར་བྱེད་ཐུབ་པ་བྱུང་ན། ཕྱོགས་གཉིས་ཀྱིས་ཟླ་གཉིས་པའི་ཚེས་ཉེར་དགུ་ཉིན་ཞི་བདེའི་གྲོས་མཐུན་འགོད་ཐུབ་ངེས་རེད་ཟེར། 

ཕིན་ཕའེ་ཨོ་ཡིས་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཉིན་དེར་སྤེལ་བའི་གསལ་སྒྲོག་ནང་བསྟན་དོན། ཨ་མེ་རི་ཁ་དང་ཐཱ་ལེ་པན་གྱིས་གྲོས་མཐུན་བཀོད་རྗེས། ཨ་ཧྥུའུ་ཧན་རྒྱལ་ནང་གི་ཕྱོགས་ཁག་སོ་སོས་མྱུར་མོར་གྲོས་མོལ་བྱས་ཏེ། ཕྱོགས་སོ་སོས་དུས་གཏན་དུ་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པ་དང་ཨ་ཧྥུའུ་ཧན་གྱི་མ་འོངས་པའི་ཆབ་སྲིད་ལམ་ཐིག་རི་མོ་ཞིག་གཏན་འབེབས་བྱེད་ཐུབ་པའི་རེ་བ་ཡོད་ཟེར། 

ཕིན་ཕའེ་ཨོ་ཡིས་གསལ་སྒྲོག་ནང་ཞི་བདེའི་གྲོས་མཐུན་གྱི་ནང་དོན་དང་དེ་འགོད་པའི་ས་གནས་གསལ་བོར་གླེང་མེད། བསྒྲགས་པའི་གནས་ཚུལ་ལྟར་ན། གྲོས་མཐུན་གྱི་ནང་དོན་ལ་ཨ་ཧྥུའུ་ཧན་རྒྱལ་ཡོངས་སུ་འཁྲུག་རྩོད་མཚམས་འཇོག་པ་དང་། ཨ་ཧྥུའུ་ཧན་རྒྱལ་ནང་གི་རིགས་སོ་སོས་གྲོས་མོལ་བྱེད་པ། ཐཱ་ལེ་པན་གྱིས་འཇིགས་སྐུལ་ཉེས་ཅན་ལ་འགེབས་སྲུང་མི་བྱེད་པ། ཨ་མེ་རི་ཁའི་དམག་དཔུང་ཨ་ཧྥུའུ་ཧན་ནས་ཕྱིར་འཐེན་བྱེད་པའི་དུས་ཚོད་རེའུ་མིག་སོགས་འདུས་ཡོད། ཚོད་དཔག་བྱས་ན་གྲོས་མཐུན་འགོད་པའི་མཛད་སྒོ་དེ་ཁཱ་ཐར་གྱི་རྒྱལ་ས་ཏའོ་ཧཱ་ནས་སྤེལ་རྒྱུ་རེད། 

ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་ཚོད་དཔག་བྱས་པ་ལྟར་ན། གྲོས་མཐུན་བཀོད་རྗེས་ཨ་མེ་རི་ཁའི་ཨ་ཧྥུའུ་ཧན་དུ་བཅའ་སྡོད་བྱེད་པའི་དམག་དཔུང་གི་གཞི་རྒྱ་དེ་ད་ལྟའི་མི་ཁྲི་གཅིག་དང་སྟོང་གསུམ་ནས་སྟོང་བརྒྱད་དང་དྲུག་བརྒྱར་ཇེ་ཉུང་དུ་འགྲོ་ངེས་རེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།