ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱིས་ཞིང་ཞོར་ཐོན་རྫས་ཀྱི་ཉོ་ཚོང་གཏན་འགོག་བཀའ་རྒྱ་རྩིས་མེད་དུ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་ཧྲི་ཐིས་ཡེ་ཡིས་ཚེས་ཉི་ཤུ་ཉིན་བསྟན་དོན། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་ཞིང་ཞོར་ཐོན་རྫས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་གཏན་འགོག་བཀའ་རྒྱ་རྩིས་མེད་དུ་བཏང་བ་དང་བསྟུན་ནས། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་མཚམས་ཆད་པའི་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་སླར་གསོ་བྱེད་མགོ་བརྩམས་ཡོད་ཟེར། དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་ནས་ཞིང་ཞོར་ཐོན་རྫས་ནང་འདྲེན་བྱེད་པར་སླར་གསོ་བྱས་ཡོད་ཟེར། 

ཨ་ཧྲི་ཐིས་ཡེ་ཡིས་ཉིན་དེར་བསྟན་དོན། ཕཱ་ལེ་སི་ཐན་གྱིས་མུ་མཐུད་དུ་ཕཱ་ལེ་སི་ཐན་གྱི་ཞིང་ཞོར་ཐོན་རྫས་ཕྱིར་གཏོང་བྱེད་པར་སྐུལ་འདེད་གཏོང་བ་དང་། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་བར་གྱི་ཉོ་ཚོང་ལ་ཤུགས་སྣོན་བྱེད་པའི་ཆོད་སེམས་ཡོད་ལ། ཕཱ་ལེ་སི་ཐན་གྱི་དཔལ་འབྱོར་དེ་དབྱི་སི་རལ་དང་ཁ་འབྲལ་བའི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ཟེར། 

དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ཕཱ་ལེ་སི་ཐན་གྱིས་ཚེས་ཉི་ཤུ་ཉིན་དབྱི་སི་རལ་ནས་བེའུ་ནང་འདྲེན་བྱེད་པ་སླར་གསོ་བྱས་པ་དང་། དབྱི་སི་རལ་ཕྱོགས་ཀྱིས་དེའི་རྗེས་སུ་ཅོར་ཏན་གཙང་བོའི་ནུབ་འགྲམ་ནས་སྐམས་ཤ་དང་ཞིང་ཞོར་ཐོན་རྫས་གཞན་པ་ནང་འདྲེན་བྱེད་རྒྱུ་སླར་གསོ་བྱས་པའི་བརྡ་བཏང་ཡོད་ཟེར། 

ཉིན་འགའི་རིང་གྲོས་མོལ་བྱས་པ་བརྒྱུད། དབྱི་སི་རལ་དང་ཕཱ་ལེ་སི་ཐན་ཕྱོགས་གཉིས་ཀྱི་འཐུས་མིས་ཚེས་བཅུ་དགུ་ཉིན་གྱི་ནམ་གུང་གྲོས་མཐུན་བཀོད་དེ། ཕྱོགས་གཉིས་ཀྱི་ཞིང་ཞོར་ཐོན་རྫས་ཉོ་ཚོང་གི་རྩོད་གླེང་མཇུག་སྒྲིལ་བར་བྱས་ཡོད། ཕཱ་ལེ་སི་ཐན་མི་རིགས་དབང་ཤུགས་ལས་ཁུངས་ཀྱི་དཔོན་པོས་བཤད་ན། གྲོས་མཐུན་དེ་ལྟར་ན། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱིས་དབྱི་སི་རལ་དང་རྒྱལ་སྤྱིའི་ཚོང་ར་གཞན་པར་ཞིང་ཞོར་ཐོན་རྫས་ཕྱིར་གཏོང་བྱེད་པ་སླར་གསོ་བྱས་ཡོད་པ་དང་། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ཐད་ཀར་དུ་ཕྱི་རྒྱལ་ནས་བེའུ་ནང་འདྲེན་བྱེད་པར་ཡིད་འཐད་བྱུང་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།