ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་གྱི་ཙུང་ཐུང་གིས་སྤྱི་ཚོགས་མཐུན་སྒྲིལ་བྱས་ཏེ་རིགས་རྒྱུད་རིང་ལུགས་ལ་འགོག་རྒོལ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་ཙུང་ཐུང་ཧྲི་ཐེ་ཡུན་མེད་ཨར་གྱིས་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་ནུབ་ཕྱོགས་ཀྱི་གྲོང་ཁྱེར་ཧཱ་ནོའུ་ནས་བསྟན་དོན། འཇར་མན་སྤྱི་ཚོགས་ཀྱིས་ངེས་པར་དུ་མཐུན་སྒྲིལ་བྱས་ཏེ་མཉམ་དུ་འཁོན་སེམས་དང་རིགས་རྒྱུད་རིང་ལུགས། དྲག་ཤུགས་བཅས་ལ་འགོག་རྒོལ་བྱེད་དགོས་ཟེར། 

ཧཱ་ནོའུ་གྲོང་ཁྱེར་དུ་ཚེས་བཅུ་དགུ་ཉིན་གྱི་དགོང་མོར་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་། ལོ་ཞེ་གསུམ་ཅན་གྱི་འཇར་མན་གྱི་སྐྱེས་པ་ཞིག་གིས་སྔ་གཞུག་ཏུ་གྲོང་ཁྱེར་ལྟེ་གནས་ཀྱི་ས་གནས་གཉིས་ནས་མེ་མདའ་བཀོལ་ནས་མི་དགུ་བསད་པ་དང་། གཞན་ཡང་མི་འགའ་ལ་རྨས་ཕོག་ཡོད། དེའི་ནང་མི་གཅིག་གི་རྨས་སྐྱོན་ཚབས་ཆེན་རེད། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྱི་སྤྱི་ཁྱབ་ཞིབ་དཔྱོད་ཁང་གིས་རྟོག་ཞིབ་བྱས་པ་ལྟར་ན། མེ་མདས་བརྒྱབ་པའི་དོན་རྐྱེན་དེར་རིགས་རྒྱུད་རིང་ལུགས་ཀྱི་རྒྱབ་ལྗོངས་ལྡན་པ་རེད། 

མང་ཚོགས་སྟོང་ལྔ་ལྷག་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་ཧཱ་ནོའུ་གྲོང་ཁྱེར་ལྟེ་གནས་ཀྱི་ཐང་ཆེན་དུ་འདུས་ཏེ་མེ་མདས་བརྒྱབ་པའི་དོན་རྐྱེན་ཁྲོད་ཀྱི་འདས་པོར་མྱ་ངན་ཞུས། མི་ལ་ལས་ཞག་སྒྲོན་བཟུང་ཡོད་པ་དང་མི་ལ་ལས་རིགས་རྒྱུད་རིང་ལུགས་ལ་ངོ་རྒོལ་བྱེད་པའི་འཕྲེད་བྱང་བཟུང་ཡོད། 

ཧྲི་ཐེ་ཡུན་མེད་ཨར་གྱིས་མྱ་ངན་ཞུ་བའི་བྱ་འགུལ་སྟེང་དུ་མེ་མདས་བརྒྱབ་པའི་དོན་རྐྱེན་དེ་ནི་འཇིགས་སྐུལ་དྲག་ཤུགས་ཀྱི་བྱ་སྤྱོད་ཡ་ང་བ་ཞིག་ཡིན་པར་རྒོལ་གཏམ་བཏང་། ཁོས་བཤད་རྒྱུར། མཐུན་སྒྲིལ་ནི་འཁོན་སེམས་ཞུ་བར་བྱེད་པའི་བྱེད་ཐབས་ཆེས་བཟང་བོ་ཞིག་ཡིན་པ་དང་། འཇར་མན་སྤྱི་ཚོགས་ཀྱིས་མི་སྒེར་དང་ཚོགས་ཁག་ཉུང་ངུའི་ལ་རྒྱ་འཕྲོག་པའི་བྱ་སྤྱོད་དེ་རིགས་ལ་འགོག་རྒོལ་བྱེད་དགོས་ལ། མང་ཚོགས་ཀྱིས་ཆབ་སྲིད་དང་སྨྱན་བྱད་སོགས་སྤྱི་ཚོགས་ཁྱབ་ཁོངས་སོ་སོ་ནས་ཀྱང་རང་ཉིད་ཀྱི་གཏམ་སྤྱོད་ལ་དོ་སྣང་བྱེད་དགོས་ཟེར། 

རྒྱུས་ལོན་བྱུང་བ་ལྟར་ན། འཇར་མན་གྱི་གྲོང་ཁྱེར་ལྔ་བཅུ་ལྷག་ནས་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་མྱ་ངན་ཞུ་བའི་བྱ་འགུལ་སྤེལ་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།