ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཙི་པེ་ཁི་སི་ཐན་དང་ཨུ་རུ་སི་ཡིས་སོ་སོར་ཐལ་སྤྱོད་རྩ་འཛུགས་ཀྱི་དོགས་ཡོད་ཉེས་ཅན་མང་བོ་འཛིན་བཟུང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཙི་པེ་ཁི་སི་ཐན་དང་ཨུ་རུ་སིའི་གསར་འགྱུར་ལས་རིགས་ཀྱིས་ཚེས་བཅུ་དགུའི་ཉིན་བསྒྲགས་པ་ལྟར་ན། ཝུའུ་ཙི་པེ་ཁི་སི་ཐན་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་དགུའི་ཉིན་ཆོས་ལུགས་ཐལ་སྤྱོད་རྩ་འཛུགས་ཀྱི་དོགས་ཡོད་ཉེས་ཅན་ཉེར་གཅིག་འཛིན་བཟུང་བྱས་པ་དང་། ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡིས་ཉེ་སྔོན་མའོ་སི་ཁི་ས་ཁུལ་ནས་དབྱི་སི་ལན་གྱི་ཆོས་སྤེལ་ཚོགས་པ་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཁོངས་མི་བདུན་འཛིན་བཟུང་བྱས་ཟེར། 

ཝུའུ་ཙི་པེ་ཁི་སི་ཐན་གྱི་ཐཱ་ཧྲི་ཀན་ནང་སྲིད་སྤྱི་ཁྱབ་ཅུའུ་ཡིས་ཚེས་བཅུ་དགུའི་ཉིན་གསལ་སྒྲོག་སྤེལ་ཏེ། ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་ཐཱ་ཧྲི་ཀན་གྱི་ས་ཁུལ་བཅོ་བརྒྱད་ནས་གློ་བུར་དུ་སྔོག་བཤེར་འགུལ་སྐྱོད་སྤེལ་ཏེ། དབུས་ཤར་ས་ཁུལ་དུ་འགུལ་སྐྱོད་བྱེད་པའི་ཆོས་ལུགས་ཐལ་སྤྱོད་རྩ་འཛུགས་ཤིག་ལ་འབྲེལ་བ་ཡོད་པའི་དོགས་ཡོད་མི་སྣ་ཉེར་གཅིག་འཛིན་བཟུང་བྱས་པ་དང་། མི་དེ་དག་སྐབས་ཐོག་དེར་འཇིགས་སྐུལ་བྱ་འགུལ་འཆར་འགོད་བྱེད་པའི་འབྲེལ་ཡོད་གསོ་སྦྱོང་དང་ལེན་བྱེད་བཞིན་ཡོད་པ་རེད་ཟེར། 

རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། དོགས་ཡོད་མི་སྣ་དེ་དག་གིས་ཐལ་སྤྱོད་རྩ་འཛུགས་ལ་མ་དངུལ་གྱིས་རོགས་སྐྱོར་བྱེད་པ་དང་རྩ་འཛུགས་དེའི་ནང་ཞུགས་པའི་འཆར་གཞི་ཡོད་ལ། ཝུའུ་ཙི་པེ་ཁི་སི་ཐན་ཉེན་རྟོག་ཕྱོགས་ཀྱིས་འབྲེལ་ཡོད་བདེན་དཔང་ལ་རྩད་གཅོད་བྱེད་བཞིན་ཡོད། 

ཨུ་རུ་སིའི་གསར་འགྱུར་ལས་རིགས་ཀྱིས་ཚེས་བཅུ་དགུའི་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡིས་ཉེ་སྔོན་དབྱི་སི་ལན་ཆོས་སྤེལ་ཚོགས་པ་ཞེས་པའི་ཁོངས་མི་བདུན་འཛིན་བཟུང་བྱས་པ་དང་། དེའི་ནང་མགོ་བ་གསུམ་འདུས། འཛིན་བཟུང་བྱས་པའི་མི་སྣ་དེ་དག་ནི་ཨེ་ཤ་ཡཱ་དབུས་མ་ས་ཁུལ་ནས་ཡོང་བ་ཡིན་ཞིང་། ཁོ་ཚོས་ཐལ་སྤྱོད་བསམ་བློ་དྲིལ་སྒྲོག་བྱེད་པ་དང་ཁོངས་མི་གསར་བ་བསྡུ་ལེན་བྱེད་པ། གཏོར་བརླག་རང་བཞིན་གྱི་འགུལ་སྐྱོད་སྤེལ་བ་སོགས་ཀྱི་སྐྱོན་འཛུགས་ཐེབས་ཡོད་ལ། བཅའ་ཁྲིམས་ལག་བསྟར་མི་སྣས་ཐལ་སྤྱོད་རྩ་འཛུགས་ཀྱི་ཁོངས་མི་དག་གི་སྡོད་གནས་སུ་འབྲེལ་ཡོད་དངོས་རྫས་རྩད་ཆོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།