ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཨུ་རུ་སི་ཡིས་ཨ་ཧྥུའུ་ཧན་ནང་ཁུལ་གྱི་གྲོས་མོལ་ཐད་རོགས་རམ་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཅུ་དགུའི་ཉིན་བསྟན་དོན། ཉེ་སྔོན་ཁྱབ་སྒྲོག་བྱས་པའི་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་གི་འདེམ་བསྐོའི་མཇུག་འབྲས་དང་དེ་ལས་བྱུང་བའི་ཕྱོགས་ཁག་སོ་སོའི་རྣམ་འགྱུར་གྱིས་ཨ་ཧྥུའུ་ཧན་གྱི་ཞི་བདེ་མངོན་འགྱུར་བྱེད་པའི་ཨ་ཧྥུའུ་ཧན་ནང་ཁུལ་གྱི་གྲོས་མོལ་ལ་གནོད་པ་མི་ཐེབས་པའི་རེ་བ་ཡོད་པ་དང་། ཨུ་རུ་སི་ཡིས་ཨ་ཧྥུའུ་ཧན་ནང་ཁུལ་གྱི་གྲོས་མོལ་ལ་རོགས་རམ་བྱེད་འདོད་ཡོད་ཟེར། 

ཨ་ཧྥུའུ་ཧན་སྒེར་ཚུགས་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་བཅོ་བརྒྱད་ཉིན་ན་ནིང་ཟླ་དགུ་བའི་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་འདེམ་བསྐོའི་མཇུག་འབྲས་ཁྱབ་སྒྲོག་བྱས་པ་དང་། ད་ལྟའི་ཙུང་ཐུང་ཅཱ་ནེ་དངོས་སུ་སྐབས་གསར་བའི་ཙུང་ཐུང་དུ་བདམས་ཐོན་བྱུང་། ད་ལྟའི་སྲིད་གཞུང་གི་དབུ་བཞུགས་ལག་བསྟར་དཔོན་པོ་ཨ་པུའུ་ཏུའུ་ལཱ་ཡིས་འདེམ་བསྐོའི་མཇུག་འབྲས་དེ་ཁས་ལེན་མི་བྱེད་པ་ཁྱབ་སྒྲོག་བྱས་པ་དང་། ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱིས་ཀྱང་འདེམ་བསྐོའི་མཇུག་འབྲས་དེ་ཁས་ལེན་མི་བྱེད་པའི་ཚུལ་བསྟན་པར་མ་ཟད། ཅཱ་ནེ་སྐབས་གསར་བའི་ཙུང་ཐུང་དུ་བདམས་པ་ཁྱབ་སྒྲོག་བྱས་པ་དེ་མིག་སྔའི་ཞི་བདེའི་འཕེལ་རིམ་དང་རྒྱབ་འགལ་དུ་སོང་ཡོད་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཅུ་དགུའི་ཉིན་འཚམས་འདྲིར་ཡོང་ཨ་ཧྥུའུ་ཧན་གྲོས་ཁང་ཞོལ་མའི་གྲོས་དཔོན་ལཱ་ཧི་མཱ་ནེ་དང་གྲོས་མོལ་བྱེད་སྐབས་བསྟན་དོན། ཨུ་རུ་སི་ཡིས་ཨ་ཧྥུའུ་ཧན་གྱི་མི་དམངས་འགྲིག་མཐུན་འཕེལ་རིམ་ལ་དོ་སྣང་བྱེད་བཞིན་ཡོད་པ་དང་དོན་དེའི་ཐད་ནས་རོགས་རམ་བྱེད་འདོད་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་ཧྥུའུ་ཧན་མི་དམངས་ནང་ཁུལ་དུ་ཐུན་མོང་ལྟ་ཚུལ་འབྱུང་བར་རེ་བས་ཁེངས་ཡོད་པ་དང་། ཨ་ཧྥུའུ་ཧན་གྱི་གནས་བབ་རྒྱུན་ལྡན་དུ་སོང་ན་ཨུ་རུ་སི་དང་ཨ་ཧྥུའུ་ཧན་གྱི་དཔལ་འབྱོར་ཉོ་ཚོང་སོགས་མཉམ་ལས་སྤེལ་བར་ཕན་ཐོགས་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།