ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་སྲུང་བློན་ཆེན་གྱིས་ཀྲུང་གོའི་རིམས་ནད་འགོག་བཅོས་བྱ་བར་གདེང་འཇོག་ཆེན་པོ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20200220091626hc17.jpg

ཟླ2པའི་ཚེས19ཉིན། ཡོ་ནན་གྱི་རྒྱལ་ས་ཧི་ནེ་ནས། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་སྲུང་བློན་ཆེན་གྱི་དངོས་གཞི་མིན་པའི་གྲོས་ཚོགས་ལ་ཞུགས་པའི་འཐུས་མི་དག་གིས་མཉམ་དུ་དྲན་རྟེན་འདྲ་པར་བླངས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་སྲུང་བློན་ཆེན་གྱི་དངོས་གཞི་མིན་པའི་གྲོས་ཚོགས་དེ་ཚེས་བཅུ་དགུའི་ཉིན་ཡོ་ནན་གྱི་རྒྱལ་ས་ཧི་ནེ་ནས་བསྡུས། གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་སོ་སོའི་རྒྱལ་སྲུང་བློན་ཆེན་དག་གིས་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། ཀྲུང་གོའི་རིམས་ནད་འགོག་བཅོས་བྱ་བར་གདེང་འཇོག་ཆེན་པོ་བྱས་པ་དང་། ཞོར་དུ་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོས་རིམས་ནད་འགོག་བཅོས་བྱེད་པའི་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་པ་ནན་བཤད་བྱས། 

གསལ་སྒྲོག་ལས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ལ་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན་པ་དང་། ཀྲུང་གོའི་རིམས་ནད་འགོག་བཅོས་བྱ་བར་གདེང་འཇོག་བྱས་པར་མ་ཟད། རིམས་ནད་ཀྱི་གནོད་པ་ཐེབས་པའི་རྒྱལ་ཁབ་དང་ས་ཁུལ། མི་དམངས་བཅས་ལ་འཚམས་འདྲི་བྱས། 

གསལ་སྒྲོག་ལས་བཤད་རྒྱུར། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོས་སེམས་ཤུགས་གཅིག་སྒྲིལ་གྱིས་ཐེངས་འདིའི་རིམས་ནད་འགོག་བཅོས་བྱེད་དགོས་པ་དང་། དོན་དེའི་ཐད་ནས་དམག་དོན་གསོ་རིག་དང་བརྡ་འཕྲིན་མཉམ་སྤྱོད་སོགས་ཐད་ཀྱི་འགོག་སྲུང་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཁས་ལེན་བྱས། 

ཡོ་ནན་གྱི་རྒྱལ་སྲུང་བློན་ཆེན་ཝུའུ་ཁྲོན་ལི་ཡིས་ཚོགས་ཐོག་ནས་ཞུ་ཚིག་ཕུལ་ཏེ། ཐེངས་འདིའི་གྲོས་ཚོགས་ལས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་དམག་དོན་གསོ་རིག་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་སོགས་ཁྱབ་ཁོངས་ནས་དངོས་གཉེར་མཉམ་ལས་སྤེལ་བར་རྨང་གཞི་བཏང་ཡོད་པ་དང་། ཡོ་ནན་གྱིས་ཕྱོགས་སོ་སོས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་དམག་དོན་གསོ་རིག་སོགས་ཐད་ཀྱི་བབ་བསྟུན་ནུས་པ་ཇེ་དྲག་ཏུ་གཏོང་དགོས་པའི་འབོད་སྐུལ་བཏང་། 

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ལིན་ཡུས་ཧོས་ཉིན་དེའི་གྲོས་ཚོགས་ལ་ཞུགས། 

ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློད་ཚད་དང་འབྲེལ་བའི་ཕྱི་འབྲེལ་བློན་ཆེན་གྱི་དམིགས་བསལ་གྲོས་ཚོགས་དེ་ཚེས་ཉི་ཤུའི་ཉིན་ལའོ་ཝའོ་ཡི་རྒྱལ་ས་ཝན་ཞང་ནས་བསྡུ་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།