ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཙི་པེ་ཁི་སི་ཐན་གྱིས་ཨེ་ཤ་ཡཱ་དབུས་མ་ས་ཁུལ་གྱི་མཁའ་འགྲུལ་ལྟེ་གནས་འཛུགས་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ལི་གཞོན་པ་ཨ་པུའུ་ཏུའུ་ཧཱ་ཅི་མའོ་ཧྥུའུ་ཡིས་ཚེས་བཅུ་དགུའི་ཉིན་བསྟན་དོན། ཝུའུ་ཙི་པེ་ཁི་སི་ཐན་གྱིས་རྒྱལ་སྤྱིའི་མཁའ་འགྲུལ་ཐད་གཟིགས་སྐྱོང་དང་ཁ་གསབ་སྲིད་ཇུས་རབ་དང་རིམ་པ་བཏོན་ནས། ཧུར་ཐག་སྒོས་ཝུའུ་ཙི་པེ་ཁི་སི་ཐན་དེ་ཨེ་ཤ་ཡཱ་དབུས་མ་ས་ཁུལ་གྱི་མཁའ་འགྲུལ་ལྟེ་གནས་སུ་འཛུགས་སྐྲུན་བྱེད་རྒྱུ་ཡིན་ཟེར། 

ཚོགས་ཡུན་ཉིན་གཉིས་ཡིན་པའི་ཝུའུ་ཙི་པེ་ཁི་སི་ཐན་གྱི་རྒྱལ་སྤྱིའི་མཁའ་འགྲུལ་གླེང་སྟེགས་སྐབས་ཐོག་མ་ཚེས་བཅུ་དགུའི་ཉིན་ཝུའུ་ཙི་པེ་ཁི་སི་ཐན་གྱི་རྒྱལ་ས་ཐཱ་ཧྲི་ཀན་ནས་སྤེལ་མགོ་བརྩམས། ཨ་པུའུ་ཏུའུ་ཧཱ་ཅི་མའོ་ཧྥུའུ་ཡིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། འདས་པའི་ལོ་ངོ་གསུམ་ནང་། ཝུའུ་ཙི་པེ་ཁི་སི་ཐན་དུ་གནམ་གྲུ་འཕུར་གཏོང་བྱེད་པའི་ཕྱི་རྒྱལ་གྱི་མཁའ་འགྲུལ་ཀུང་ཟི་བཅོ་ལྔ་ནས་ཉེར་གསུམ་དུ་འཕར་ཡོད་ཟེར། 

ཝུའུ་ཙི་པེ་ཁི་སི་ཐན་གྱིས་དར་རྒྱས་ཆེ་བའི་རྒྱལ་ཁབ་དག་གི་ཉམས་མྱོང་གཞིར་བཟུང་སྟེ། རྒྱལ་ནང་གི་མཁའ་འགྲུལ་རིགས་ལ་བཅོས་བསྒྱུར་བྱེད་པ་དང་། རྒྱལ་སྤྱིའི་མཁའ་འགྲུལ་ཐད་གཟིགས་སྐྱོང་དང་ཁ་གསབ་སྲིད་ཇུས་འདོན་སྤྲོད་བྱས་ཏེ་ཕྱི་རྒྱལ་གྱི་དངུལ་གཏོང་མཁན་གྱིས་ཝུའུ་ཁི་ལན་གྱི་མཁའ་འགྲུལ་ལས་རིགས་ཐད་མ་དངུལ་གཏོང་བར་ནང་འགུག་བྱེད་རྒྱུ་ཡིན་ཟེར། 

ཝུའུ་ཙི་པེ་ཁི་སི་ཐན་ནི་ཨེ་ཤ་ཡཱ་དབུས་མའི་ལྟེ་གནས་སུ་གནས་པ་དང་། ཧཱ་སག་སི་ཐན་དང་ཅིར་ཅི་སི་སི་ཐན། ཐཱ་ཅི་ཁི་སི་ཐན། ཐུའུ་ཁུའུ་མན་སི་ཐན། ཨ་ཧྥུའུ་ཧན་བཅས་རྒྱལ་ཁབ་ལྔ་དང་འདབས་འབྲེལ་དུ་ཡོད་ལ། རྒྱལ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཞེ་བཞི་ལྷག་ཡོད། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཨར་ཅི་ཡའོ་ཡེ་ཧྥུའུ་ཡིས་ན་ནིང་ལོ་མགོར་བཀོད་པའི་གནས་སྐོར་ལས་རིགས་ཀྱི་འཕེལ་རྒྱས་འཆར་འགོད་ལྟར་དུ། ཝུའུ་ཙི་པེ་ཁི་སི་ཐན་སྲིད་གཞུང་གིས་ལམ་ཡིག་སྟབས་བདེ་རུ་གཏོང་བ་དང་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་བ་བཅས་ཀྱི་ཐབས་ལ་བརྟེན་ནས་གནས་སྐོར་ལས་རིགས་དེ་རྒྱལ་ཁབ་རང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐོན་ལས་གཙོ་བོར་བྱེད་རྒྱུ་རེད། 

ཝུའུ་ཙི་པེ་ཁི་སི་ཐན་གྱི་རྒྱལ་སྤྱིའི་མཁའ་འགྲུལ་གླེང་སྟེགས་ཐོག་མ་ནི་ཝུའུ་ཙི་པེ་ཁི་སི་ཐན་གྱི་འགྲིམ་འགྲུལ་པུའུ་དང་། དངུལ་གཏོང་དང་ཕྱི་ཕྱོགས་ཉོ་ཚོང་པུའུ། རྒྱལ་ཁབ་གནས་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་ཡིན་ཞིང་། ཨ་མེ་རི་ཁ་དང་ཁཱ་ནཱ་ཏཱ། ཧྥ་རན་སི། ཨུ་རུ་སི་སོགས་རྒྱལ་ཁབ་ཀྱི་མཁའ་འགྲུལ་ཀུང་ཟི་དང་གནམ་གྲུ་ཐང་གི་འཐུས་མི་བརྒྱ་ཕྲག་ལྷག་གླེང་སྟེགས་ལ་ཞུགས་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།