མཉམ་འབྲེལ་རྒྱལ་ཚོགས་དཔོན་རིགས་ཀྱིས་ཨ་ཧྥུའུ་ཧན་ཡུལ་གྱར་བའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་དེ་ཨ་ཧྥུའུ་ཧན་གྱི་ཡུལ་གྱར་བར་རྒྱལ་སྤྱིའི་རྒྱབ་སྐྱོར་སྔར་ལས་མང་བོ་ཐོབ་པར་ཕན་ཐོགས་ཡོད་པའི་ཚུལ་བསྟན།

20200219093444ELIb.jpg

ཟླ2པའི་ཚེས18ཉིན། ཕཱ་ཁི་སི་ཐན་གྱི་དབྱི་སི་ལན་པའོ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་ལས་དོན་གཙོ་གཉེར་བ་ལཱ་ཐི་ཝ་ཐི་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚོགས་ཡུན་ཉིན་གཉིས་ཡིན་པའི་ཨ་ཧྥུའུ་ཧན་ཡུལ་གྱར་བའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་ཚེས་བཅོ་བརྒྱད་ཉིན་དབྱི་སི་ལན་པའོ་ནས་གྲོལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་ལས་དོན་གཙོ་གཉེར་བ་ལཱ་ཐི་ཝ་ཐི་ཡིས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥུའུ་ཧན་གྱི་ཡུལ་གྱར་བའི་དགོས་མཁོར་རྒྱུས་ལོན་བྱེད་པ་དང་། ཁོ་ཚོར་སྔར་ལས་མང་བོའི་རྒྱབ་སྐྱོར་འདོན་སྤྲོད་བྱེད་པར་ཕན་ཐོགས་ཡོད་ཟེར། 

ལཱ་ཐི་ཝ་ཐི་ཡིས་ཉིན་དེར་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཨ་ཧྥུའུ་ཧན་གྱི་ཡུལ་གྱར་བའི་རོགས་སྐྱོར་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་དང་། ཐེངས་འདིའི་གྲོས་ཚོགས་བསྡུས་པ་ལས་སྡོད་དམངས་དག་གིས་ཕཱ་ཁི་སི་ཐན་དང་དབྱི་ལིང་གི་ཡུལ་གྱར་བའི་སྒར་སར་སྡོད་པའི་ཨ་ཧྥུའུ་ཧན་གྱི་ཡུལ་གྱར་བའི་དཀའ་ཁག་སེལ་བར་ཕན་ཐོགས་ཡོད་ཟེར། 

ལཱ་ཐི་ཝ་ཐི་ཡིས་བཤད་རྒྱུར། སྲོལ་རྒྱུན་གྱི་རོགས་སྐྱོར་རྒྱལ་ཁབ་དང་རྩ་འཛུགས་ལས་གཞན། ཐེངས་འདིའི་གྲོས་ཚོགས་ལས་ཡུལ་གྱར་བ་དེ་དག་དང་ཡུལ་གྱར་བ་དང་ལེན་བྱེད་པའི་རྒྱལ་ཁབ་ལ་སྲོལ་རྒྱུན་མ་ཡིན་པའི་མཉམ་ལས་གྲོགས་པོའི་རོགས་སྐྱོར་སྔར་ལས་མང་བོ་ཐོབ་ཏུ་འཇུག་ཐུབ་ཟེར། 

ལཱ་ཐི་ཝ་ཐི་ཡིས་བཤད་རྒྱུར། ཕཱ་ཁི་སི་ཐན་ལ་ཆ་བཞག་ན། ཕཱ་ཁེི་སི་ཐན་རང་སྟེང་ནས་འཕེལ་རྒྱས་ཀྱི་གནད་དོན་མང་བོར་འཕྲད་ཡོད། ཕཱ་ཁི་སི་ཐན་དང་ཨ་ཧྥུའུ་ཧན་གྱི་ཡུལ་གྱར་བའི་བྱིས་པའི་སློབ་གསོའི་ཐད་ཕཱ་ཁི་སི་ཐན་མ་གཏོགས་པའི་ཕྱོགས་གཉིས་ཀྱི་རོགས་སྐྱོར་མཁོ་བ་ཡིན། དེ་ཡང་ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་དང་དེར་ཟབ་ཞུགས་བྱེད་པར་སྐུལ་མ་གཏོང་བའི་རྒྱུ་རྐྱེན་གཙོ་བོ་ཡིན་ཟེར། 

ཁོས་བསྟན་དོན། ཡུལ་གྱར་བར་ལ་རྒྱ་ཡོད་པའི་སྒོ་ནས་ཕྱིར་རང་གི་ཕ་ཡུལ་དུ་ལོག་པའི་གཞི་རྩའི་ཆ་རྐྱེན་ནི་ཨ་ཧྥུའུ་ཧན་དུ་གཞི་རྩའི་ཞི་བདེ་མངོན་འགྱུར་བྱེད་པ་དེ་ཡིན་པས། ཨ་ཧྥུའུ་ཧན་གྱི་ཞི་བདེའི་འཕེལ་རིམ་དེ་ཨ་ཧྥུའུ་ཧན་གྱི་ཡུལ་གྱར་བའི་གནད་དོན་ཐག་གཅོད་བྱེད་པར་གལ་འགངས་ཧ་ཅང་ཆེ་ཟེར། 

ཕཱ་ཁི་སི་ཐན་དང་དབྱི་ལིང་གིས་ཨ་ཧྥུའུ་ཧན་གྱི་ཡུལ་གྱར་བ་དང་ལེན་བྱས་ནས་ལོ་ངོ་བཞི་བཅུ་འགོར་བར་རྗེས་དྲན་བྱེད་ཆེད། ཕཱ་ཁི་སི་ཐན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་གིས་མཉམ་དུ་ཐེངས་འདིའི་ཨ་ཧྥུའུ་ཧན་ཡུལ་གྱར་བའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་སྤེལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགུལ་སྐྱོད་སྔར་ལས་མང་བོ་སྤེལ་ནས་ཨ་ཧྥུའུ་ཧན་གྱི་ཡུལ་གྱར་བའི་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་བ་རེད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།