ཀྲུང་གོ་བོད་ཀྱི་དྲ་བ།

ལི་པུ་ཡཱའི་མཉམ་འབྲེལ་དམག་དོན་ཨུ་ཡོན་ལྷན་ཁང་གི་སྐོར་ཐེངས་གཉིས་པའི་གྲོས་མོལ་རི་ནེ་ཝ་ནས་སྤེལ་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བར་འདུམ་བྱེད་པའི་ལི་པུ་ཡཱའི་མཉམ་འབྲེལ་དམག་དོན་ཨུ་ཡོན་ལྷན་ཁང་གི་སྐོར་ཐེངས་གཉིས་པའི་གྲོས་མོལ་དེ་ཚེས་བཅོ་བརྒྱད་ཉིན་རི་ནེ་ཝ་ནས་སྤེལ་མགོ་བརྩམས། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ལི་པུ་ཡཱའི་གནད་དོན་གྱི་དམིགས་བསལ་འཐུས་མི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པུ་ཡཱའི་རོགས་སྐྱོར་ཆེད་མངག་ཚོགས་པའི་འགན་ཁུར་བ་སཱ་ལཱ་མུའུ་ཡིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། སྐོར་ཐེངས་འདིའི་གྲོས་མོལ་ལས་ལི་པུ་ཡཱ་རུ་ཡུན་རིང་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པའི་ཐད་ཐུན་མོང་གི་ལྟ་ཚུལ་གང་རུང་འགོད་ཐུབ་པའི་རེ་བ་ཡོད་ཟེར། 

སཱ་ལཱ་མུའུ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ལི་པུ་ཡཱའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་དང་རྒྱལ་དམངས་དམག་དཔུང་ཕྱོགས་གཉིས་ཀྱི་འཐུས་ཚབ་ཚོགས་པ་ཚེས་བཅུ་བདུན་ཉིན་རི་ནེ་ཝ་རུ་འབྱོར་བ་དང་། ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར་འབྲེལ་ཡོད་གྲོས་གཞིའི་ཐད་ནས་གྲོས་བསྡུར་བྱས་ཟེར། ཁོས་བཤད་རྒྱུར། མིག་སྔར་ལི་པུ་ཡཱའི་འཁྲུག་རྩོད་མཚམས་འཇོག་པའི་གནས་བབ་ཧ་ཅང་ཉམས་ཞན་ཡིན་ཡང་། ཕྱོགས་གཉིས་ཀྱིས་སྔར་བཀོད་པའི་གཞི་རྩའི་འཁྲུག་རྩོད་མཚམས་འཇོག་པའི་རྩ་དོན་རྒྱུན་འཁྱོངས་དང་། ཞི་བའི་གྲོས་མོལ་ལ་བརྟེན་ནས་ཡུན་རིང་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པར་བརྩོན་ལེན་བྱེད་རྒྱུ་མ་ཟད། ཆབ་སྲིད་འཕེལ་རིམ་ལ་སྐུལ་འདེད་གཏོང་འདོད་ཡོད་པའི་ཚུལ་བསྟན་ཡོད་ཟེར། 

སཱ་ལཱ་མུའུ་ཡིས་བསྟན་དོན། ལི་པུ་ཡཱའི་ཞི་བདེའི་འཕེལ་རིམ་དེ་དཔལ་འབྱོར་དང་དམག་དོན། ཆབ་སྲིད་བཅས་བགྲོད་ལམ་གསུམ་གྱི་སྟེང་སྤེལ་བཞིན་ཡོད་པ་དང་། དེའི་ནང་རི་ནེ་ཝའི་དམག་དོན་གྲོས་མོལ་དང་བགྲོད་ལམ་གཞན་པ་གཉིས་ཀྱི་གྲོས་མོལ་དམ་དུ་སྦྲེལ་ཡོད་ལ། ངེས་པར་དུ་མཉམ་གཅིག་ཏུ་སྐུལ་འདེད་གཏོང་དགོས་ཟེར། 

ལི་པུ་ཡཱའི་དམག་དོན་ཨུ་ཡོན་ལྷན་ཁང་གི་སྐོར་ཐེངས་དང་པོའི་གྲོས་མོལ་དེ་ཟླ་འདིའི་ཚེས་གསུམ་ཉིན་ནས་ཚེས་བརྒྱད་ཉིན་བར་རི་ནེ་ཝ་ནས་སྤེལ་བ་དང་། གྲོས་མོལ་ལ་སྔོན་དཔག་གི་གྲུབ་འབྲས་ཐོབ་མེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།