ཀྲུང་གོ་བོད་ཀྱི་དྲ་བ།

ཙེམ་པབ་ཝེའི་དཔོན་རིགས་ཀྱིས་རྒྱལ་ཁབ་རང་གི་མེ་སྒོར་བེད་སྤྱོད་བྱེད་མཚམས་འཇོག་པའི་བྱེད་ཐབས་བདེ་བླག་ངང་སྤེལ་བཞིན་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

ཟླ་གཉིས་པའི་ཚེས་བཅུ་བདུན་ཉིན། ཙེམ་པབ་ཝེའི་རྒྱལ་ས་ཧཱ་ལཱ་ལོས་ནས། ཙེམ་པབ་ཝེའི་གསོག་ཉར་དངུལ་ཁང་གི་མགོ་བ་མན་ཀུའུ་ཏིས་ཡཱ་ཡིས་དངུལ་ལོར་སྲིད་ཇུས་ཀྱི་སྙན་ཞུ་སྒྲོག་འདོན་བྱས། 

༢.jpg

ཟླ་གཉིས་པའི་ཚེས་བཅུ་བདུན་ཉིན། ཙེམ་པབ་ཝེའི་རྒྱལ་ས་ཧཱ་ལཱ་ལོས་ནས། ཙེམ་པབ་ཝེའི་གསོག་ཉར་དངུལ་ཁང་གི་མགོ་བ་མན་ཀུའུ་ཏིས་ཡཱ་ཡིས་དངུལ་ལོར་སྲིད་ཇུས་ཀྱི་སྙན་ཞུ་སྒྲོག་འདོན་བྱས། 

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཙེམ་པབ་ཝེའི་གསོག་ཉར་དངུལ་ཁང་གི་མགོ་བ་མན་ཀུའུ་ཏིས་ཡཱ་ཡིས་ཚེས་བཅུ་བདུན་ཉིན་དངུལ་ལོར་སྲིད་ཇུས་ཀྱི་སྙན་ཞུ་སྤེལ་སྐབས་བསྟན་དོན། རྒྱལ་ཁབ་དེས་ཉིས་སྟོང་བཅུ་དགུ་ལོ་ནས་ལག་བསྟར་བྱས་པའི་མེ་སྒོར་བེད་སྤྱོད་བྱེད་མཚམས་འཇོག་པའི་བྱེད་ཐབས་བདེ་བླག་ངང་སྤེལ་བཞིན་ཡོད་ཟེར། 

ཙེམ་པབ་ཝེའི་སྲིད་གཞུང་གིས་ན་ནིང་ཟླ་དྲུག་པར་བཀའ་རྒྱ་བཀོད་དེ། ཨ་མེ་རི་ཁའི་སྒོར་མོ་སོགས་དངུལ་ལོར་བེད་སྤྱོད་བྱེད་མི་རུང་བ་དང་། རྒྱལ་ཁབ་རང་གིས་འགྲེམ་སྤེལ་བྱས་པའི་བུ་ལོན་དངུལ་ལོར་ཙེམ་པབ་ཝེའི་མངའ་ཁོངས་ཁོ་ནར་བེད་སྤྱོད་བྱས་ཆོག་པ་ཁྱབ་སྒྲོག་བྱས། ན་ནིང་ཟླ་བཅུ་གཅིག་པར་ཙེམ་པབ་ཝེ་ཡིས་རྒྱལ་ཁབ་རང་གི་དངུལ་ལོར་གསར་བ་ཙེམ་པབ་ཝེའི་སྒོར་མོ་གསར་བ་འགྲེམ་སྤེལ་བྱས་པ་དང་། ཙེམ་པབ་ཝེའི་སྒོར་མོ་གསར་བ་བེད་སྤྱོད་བྱས་པ་ལས་རྒྱལ་ཁབ་དེར་ལོ་ངོ་བཅུའི་རིང་རང་ཉིད་ཀྱི་སྒོར་མོ་མེད་པའི་གནས་ཚུལ་མཇུག་སྒྲིལ་བ་རེད། 

མན་ཀུའུ་ཏིས་ཡཱ་ཡིས་བཤད་རྒྱུར། སྔར་ལས་མང་བའི་ཀུང་ཟི་དང་མི་སྒེར་གྱིས་རང་ལག་གི་མེ་སྒོར་དག་ཙེམ་པབ་ཝེའི་སྒོར་མོར་བརྗེས་པ་དང་། མེ་སྒོར་གཙོ་བྱས་པའི་ཕྱི་དངུལ་གྱི་གསོག་ཚད་ཀྱི་བསྡུར་གྲངས་དེ་ན་ནིང་ཟླ་དྲུག་པའི་བརྒྱ་ཆའི་ལྔ་བཅུ་ནས་ན་ནིང་ལོ་མཇུག་ཏུ་བརྒྱ་ཆའི་སོ་བདུན་དུ་ཇེ་དམའ་རུ་སོང་ཡོད་ཟེར། 

མན་ཀུའུ་ཏིས་ཡཱ་ཡིས་བཤད་རྒྱུར། མིག་སྔར་ཙེམ་པབ་ཝེའི་དཔལ་འབྱོར་སླར་གསོ་བྱེད་བཞིན་ཡོད་པ་དང་། དངུལ་ལོར་ཚད་བརྒལ་འགྲེམ་པའི་ཚད་ཀྱང་རིམ་བཞིན་ཇེ་དམའ་རུ་འགྲོ་བཞིན་ཡོད། ཆེ་མཐོང་དཔལ་འབྱོར་གྱི་བརྡ་རྟགས་བཟང་བོ་དག་ལས་མེ་སྒོར་བེད་སྤྱོད་བྱེད་མཚམས་འཇོག་པའི་འཕེལ་རིམ་ལ་སྔར་ལས་ལྷག་པའི་དཔལ་འབྱོར་ཁོར་ཡུག་ཅིག་འདོན་སྤྲོད་བྱེད་ཐུབ་ཟེར། 

མན་ཀུའུ་ཏིས་ཡཱ་ཡིས་ད་རུང་བསྟན་དོན། ཙེམ་པབ་ཝེའི་སྒོར་མོ་འགྲེམ་སྤེལ་བྱས་ནས་ཅང་མ་འགོར་བའི་དབང་གིས་ཚོང་ར་ནས་སྒོར་མོ་གསར་བ་དེའི་ཡིད་ཆེས་འཛུགས་པར་ད་རུང་དུས་ཚོད་ངེས་ཅན་དགོས། མེ་སྒོར་གྱི་ཉོ་ཚོང་དེ་དུས་ཚོད་ངེས་ཅན་ཞིག་གི་ནང་སྔར་བཞིན་གནས་སྲིད་པ་དང་། ཚོད་དཔག་བྱས་ན་མེ་སྒོར་དེ་རྩ་བ་ནས་བེད་སྤྱོད་བྱེད་མཚམས་འཇོག་པར་ད་རུང་ལོ་ལྔ་ཡས་མས་ཀྱི་དུས་ཚོད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།