ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཐི་ལོས་སི་ཡིས་རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་གྲོས་མོལ་ལ་བརྟེན་ནས་རྩོད་གླེང་ཐག་གཅོད་བྱེད་དགོས་པའི་སྐུལ་མ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་དུ་འཚམ་འདྲི་བྱེད་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་དྲུག་ཉིན་རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་ཛ་དྲག་གི་འབྲེལ་བ་ཞི་འཇགས་སུ་བཏང་སྟེ། གྲོས་མོལ་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་རྩོད་གླེང་ཐག་གཅོད་བྱེད་དགོས་པའི་སྐུལ་མ་བཏང་། 

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་དབྱི་སི་ལན་པའོ་ནས་ཕའ་ཁི་སི་ཐན་གྱི་ཕྱི་འབྲེལ་བློན་ཆེན་ཁུའུ་ལོས་ཞི་དང་མཉམ་དུ་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཁོས་ཕཱ་ཁི་སི་ཐན་དང་རྒྱ་གར་གྱི་གནས་བབ་སྔར་ལས་ཛ་དྲག་ཏུ་གྱུར་བར་སེམས་ཁུར་བྱེད་བཞིན་ཡོད། ཁོས་རྒྱལ་ཁབ་གཉིས་ཀྱིས་ཚད་ཆེན་པོའི་སྒོ་ནས་རང་ཚོད་བཟུང་ནས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་སྐུལ་མ་བཏང་ཡོད། ཞི་འཇགས་ཀྱི་སྣང་ཚུལ་དེ་དམག་དོན་ལས་མངོན་དགོས་པར་མ་ཟད་གཏམ་སྤྱོད་ལས་ཀྱང་མངོན་པར་བྱེད་དགོས། ཁོ་རང་ཉིད་ཀྱིས་བར་འདུམ་བྱེད་འདོད་ཡོད་ཟེར། 

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། ཕྱི་འབྲེལ་དང་གྲོས་མོལ་ནི་སྔར་བཞིན་ཞི་བདེ་དང་གཏན་འཇགས་ལ་འགན་སྲུང་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་པ་དང་། ཕྱི་འབྲེལ་དང་གྲོས་མོལ་ལ་བརྟེན་ན་ད་གཟོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ལ་འཚམ་པའི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་ཐུབ་ཟེར། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། རྒྱ་གར་དང་ཕཱ་ཁི་སི་ཐན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་དམག་དོན་ལྟ་ཞིབ་ཚན་ཆུང་གིས་མུ་མཐུད་དུ་རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་དངོས་སུ་ཚོད་འཛིན་བྱེད་པའི་རྒྱལ་མཚམས་ཉེ་འདབས་སུ་བྱུང་བའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་འགལ་བའི་གནས་ཚུལ་ལ་ལྟ་ཞིབ་བྱེད་རྒྱུ་ཡིན་ཟེར། 

ཀུའུ་ཐི་ལོས་སི་ཚེས་བཅུ་དྲུག་ཉིན་དབྱི་སི་ལན་པའོ་རུ་འབྱོར་ནས་དུས་ཡུན་ཉིན་བཞིའི་འཚམས་འདྲི་མགོ་བརྩམས་པ་རེད། ཉིན་དེར་ཀུའུ་ཐི་ལོས་སི་ཡིས་དབྱི་སི་ལན་པའོ་ནས་ནམ་ཟླའི་འགྱུར་ལྡོག་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་གཏམ་བཤད་ཅིག་སྤེལ་ཏེ། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོས་ཧུར་ཐག་སྒོས་ནམ་ཟླའི་འགྱུར་ལྡོག་གི་གནད་དོན་གལ་ཆེན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། ཕཱ་ཁི་སི་ཐན་དུ་འཚམས་འདྲི་བྱེད་སྐབས་ཀུའུ་ཐི་ལོས་སི་ད་རུང་དབྱི་སི་ལན་པའོ་ནས་སྤེལ་རྒྱུ་ཡིན་པའི་ཨ་ཧྥུའུ་ཧན་གྱི་ཡུལ་གྱར་བའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་སོགས་བྱ་འགུལ་ལ་ཞུགས་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།