ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ཆི་ཏོན་བྱང་མས་གྲོས་ཁང་གཏོར་ནས་སྔ་སྣུར་གྱིས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བར་གྲ་སྒྲིག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཱ་ཆི་ཏོན་བྱང་མའི་གྲོས་མིས་ཚེས་བཅུ་དྲུག་ཉིན་འདེམ་ཤོག་འཕངས་ཏེ་སྐབས་འདིའི་གྲོས་ཁང་གཏོར་རྒྱུ་ཐག་བཅད་པ་དང་། ད་ལོའི་ཟླ་བཞི་བའི་ཚེས་བཅུ་གཉིས་ཉིན་སྔ་སྣུར་གྱིས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བར་གྲ་སྒྲིག་བྱེད་རྒྱུ་ཐག་བཅད། 

མཱ་ཆི་ཏོན་བྱང་མའི་གྲོས་ཁང་གི་གྲོས་དཔོན་ཀྲ་ཧྥེ་ལི་ཡིས་ཉིན་དེར་འདེམ་ཤོག་མ་འཕངས་གོང་བཤད་རྒྱུར། རྒྱལ་ཁབ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་བར་གྲོས་མོལ་བྱས་པ་བརྒྱུད་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འཁེལ་གཞིར་བཟུང་སྟེ། ཉིན་དེར་འདེམ་ཤོག་འཕངས་ནས་སྐབས་འདིའི་གྲོས་ཁང་གཏོར་བར་ཐག་བཅད་པ་ཡིན། དེ་ནི་ཟླ་བཞི་བའི་ཚེས་བཅུ་གཉིས་ཉིན་སྔ་སྣུར་གྱིས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་ལ། གྲོས་ཁང་གི་ཆོད་དོན་ཚང་མ་མི་དམངས་དང་རྒྱལ་ཁབ་ཀྱི་ཁེ་ཕན་དང་འཚམ་པ་ཡིན་ཟེར། 

ན་ནིང་ཟླ་བཅུ་བར། ཧྥ་རན་སི་སོགས་རྒྱལ་ཁབ་ཀྱི་ངོ་རྒོལ་ཐེབས་ཏེ་མཱ་ཆི་ཏོན་བྱང་མ་དང་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་འཕེལ་རིམ་ལ་ཕམ་ཉེས་བྱུང་། དེའི་རྗེས་སུ་མཱ་ཆི་ཏོན་བྱང་མའི་སྲིད་ཏང་སོ་སོས་གྲོས་མཐུན་བཀོད་དེ། ད་ལོའི་ཟླ་བཞི་བའི་ཚེས་བཅུ་གཉིས་ཉིན་སྔ་སྣུར་སྒོས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཐག་བཅད། ད་ལོའི་ཟླ་དང་པོའི་ཚེས་གསུམ་ཉིན། མཱ་ཆི་ཏོན་བྱང་མའི་གྲོས་ཁང་གིས་འདེམ་ཤོག་འཕངས་ཏེ་གནས་སྐབས་སྲིད་གཞུང་འཛུགས་པར་ཆོག་མཆན་བཀོད། གནས་སྐབས་སྲིད་གཞུང་གིས་ཟླ་བཞི་བའི་ཚེས་བཅུ་གཉིས་ཉིན་སྤེལ་རྒྱུ་ཡིན་པའི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་ལ་རྩ་འཛུགས་བྱེད་པའི་འགན་ཁུར་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།