ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་སྲིད་གཞུང་དང་ཧུའུ་སེ་དྲག་ཆས་པས་གཞི་རྒྱ་ཆེ་བའི་སྒོ་ནས་བཟུང་དམག་བརྗེ་སྤོར་བྱེད་པའི་གྲོས་མཐུན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡེ་མིན་སྲིད་གཞུང་དང་ཧུའུ་སེ་དྲག་ཆས་པའི་འཐུས་མིས་ཚེས་བཅུ་དྲུག་ཉིན་ཅོར་ཏན་གྱི་རྒྱལ་ས་ཨན་མན་ནས་གཞི་རྒྱ་ཆེ་བའི་སྒོ་ནས་བཟུང་དམག་བརྗེ་སྤོར་བྱེད་པའི་གྲོས་མཐུན་བཀོད་དེ། ཕྱོགས་གཉིས་ཀྱིས་དེའི་སྔོན་སི་ཏི་ཀི་ཨར་མའོ་ནས་བཀོད་པའི་འབྲེལ་ཡོད་གྲོས་མཐུན་དངོས་འབེབ་གང་ལེགས་བྱེད་རྒྱུ་རེད། 

བསྒྲགས་པ་ལྟར་ན། ཉིན་འགའི་གྲོས་མོལ་བརྒྱུད་ཕྱོགས་གཉིས་ཀྱིས་མྱུར་དུ་བཟུང་དམག་བརྗེ་སྤོར་བྱེད་པའི་མིང་ཐོར་ཡིད་འཐད་བྱུང་བ་དང་། དེའི་རྗེས་སུ་བཟུང་དམག་བརྗེ་སྤོར་ཐད་གྲ་སྒྲིག་བྱེད་རྒྱུ་རེད། 

བསྒྲགས་པ་ལྟར་ན། དེ་ནི་ཡེ་མིན་སྲིད་གཞུང་དང་ཧུའུ་སེ་དྲག་ཆས་པས་བཟུང་དམག་བརྗེ་སྤོར་བྱེད་པའི་ཐད་ཀྱི་གྲོས་མོལ་ཐེངས་གསུམ་པ་ཡིན་ལ། ཡེ་མིན་གྱི་འཁྲུག་རྩོད་ཕྱོགས་ཁག་གཉིས་ལས་གཞན་ད་རུང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་། ཨ་རབ་རྒྱལ་ཁབ་རེ་འགའི་འཐུས་མི་བཅས་ཀྱང་གྲོས་མོལ་ལ་ཞུགས་ཡོད། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་གནད་དོན་གྱི་ཆེད་མངག་ཕོ་ཉ་ཀི་ལི་ཧྥེ་སི་ཡིས་ཡེ་མིན་སྲིད་གཞུང་དང་ཧུའུ་སེ་དྲག་ཆས་པས་གང་མགྱོགས་སྒོས་འབྲེལ་ཡོད་གྲོས་མཐུན་ལག་བསྟར་བྱེད་པ་དང་། བཟུང་དམག་གི་དཀའ་སྡུག་སེལ་ཏེ་སྔ་མོ་ནས་ཁྱིམ་མི་དང་ལྷན་འཛོམས་བྱེད་དུ་འཇུག་དགོས་པའི་འབོད་སྐུལ་བཏང་། 

དེའི་སྔོན་ཡེ་མིན་སྲིད་གཞུང་དང་ཧུའུ་སེ་དྲག་ཆས་པས་བཟུང་དམག་སྐོར་ཞིག་བརྗེ་སྤོར་བྱས་མྱོང་།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།