ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་ཡིས་ཨུ་རུ་སིའི་ཕྱི་འབྲེལ་མི་སྣའི་བདེ་སྲུང་ཐད་ཤུགས་སྣོན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེ་རུ་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཆེན་མོ་ཡེ་ཨར་ཧའོ་ཧྥུའུ་ཡིས་ཉེ་སྔོན་བཤད་རྒྱུར། སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་གནས་བབ་ཤུགས་རྐྱེན་དབང་གིས་ཐུར་ཁེ་རུ་ཨུ་རུ་སི་ལ་ངོ་རྒོལ་བྱེད་པའི་རླབས་རྒྱུན་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། ཁོ་རང་ཉིད་ཀྱང་འཇིགས་སྐུལ་བྱ་ཡུལ་དུ་གྱུར་ཡོད་ཟེར། དེ་བས་ཐུར་ཁེའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཚེས་བཅུ་བཞིའི་ཉིན་བཤད་རྒྱུར། ཐུར་ཁེ་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་གང་རུང་སྤྱད་དེ། ཨུ་རུ་སིའི་ཕྱི་འབྲེལ་མི་སྣའི་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་ཡིན་ཟེར། 

ཐུར་ཁེའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་བཤད་རྒྱུར། ཐུར་ཁེ་ཕྱོགས་ཀྱིས་ཨུ་རུ་སིའི་ཕྱི་འབྲེལ་མི་སྣས་ཚེ་སྲོག་བདེ་འཇགས་ཐད་འདོན་སྤྲོད་བྱས་པའི་བརྡ་འཕྲིན་དང་རེ་བར་ཕྱོགས་ཡོངས་ནས་དཔྱད་འཇོག་བྱས་ཏེ། འབྲེལ་ཡོད་ལས་ཁུངས་ཀྱིས་མྱུར་མོར་ཐག་གཅོད་བྱེད་བཞིན་ཡོད་ཟེར། 

མགྲིན་ཚབ་པ་དེས་བཤད་རྒྱུར། ཐུར་ཁེ་ཕྱོགས་ཀྱི་ལས་ཁུངས་ཀྱིས་གཟའ་འཁོར་རེའི་ཉིན་བདུན་དང་ཉིན་རེའི་དུས་ཚོད་ཉེར་བཞིའི་རིང་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ། ཐུར་ཁེའི་ཨན་ཁཱ་ལཱ་རུ་ཡོད་པའི་ཨུ་རུ་སིའི་གཞུང་ཚབ་ཁང་དང་དོན་གཅོད་ཁང་ཚང་མའི་བདེ་འཇགས་དང་། དེ་མིན་ཕྱི་འབྲེལ་དཔོན་པོ་དང་ཁོ་ཚོའི་ཁྱིམ་མིའི་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་ཡིན་ཟེར། 

ཐུར་ཁེ་རུ་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཁང་གི་མགྲིན་ཚབ་པས་བདེན་དཔང་བྱས་དོན། ཐུར་ཁེ་ཕྱོགས་ཀྱིས་བདེ་སྲུང་བྱེད་ཐབས་ལག་བསྟར་བྱས་ཡོད་ཟེར། 

ཡེ་ཨར་ཧའོ་ཧྥུའུ་ཡིས་ཚེས་བཅུ་གསུམ་ཉིན་ཨུ་རུ་སིའི་འཁོར་སྐར་འཕྲིན་གཏོང་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས། ཛ་དྲག་ཏུ་འགྱུར་བཞིན་པའི་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་གནས་བབ་གླེང་སྐབས་ཨུ་རུ་སིའི་ཕྱི་འབྲེལ་མི་སྣ་དག་འཇིགས་སྐུལ་བྱ་ཡུལ་དུ་གྱུར་ཡོད་པ་གསལ་བོར་བཤད། 

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་བཅུ་བཞིའི་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཐུར་ཁེ་ཡིས་རང་གི་མངའ་ཁོངས་སུ་ཡོད་པའི་ཨུ་རུ་སིའི་ཕྱི་འབྲེལ་དཔོན་པོ་དང་སྤྱི་དམངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཐུབ་པར་ཡིད་ཆེས་ཡོད་པ་དང་། ང་ཚོས་ཐུར་ཁེ་ཕྱོགས་ཀྱིས་སྤྱད་པའི་དགོས་ངེས་ཀྱི་བྱེད་ཐབས་གང་རུང་ལ་དོགས་པ་ཟ་མི་སྲིད་ཟེར། 

ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཕྱི་ཕྱོགས་ཀྱིས་དོ་སྣང་བྱེད་པའི་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་གནས་བབ་ཐད་ནས། ཨུ་རུ་སི་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱིས་ཙུང་ཐུང་རིམ་པ་དང་རྒྱལ་སྲུང་བློན་ཆེན་རིམ་པ། ཆེད་མཁས་རིམ་པ་བཅས་ཀྱི་འབྲེལ་འདྲིས་སྲུང་འཛིན་བྱས་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།