ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཡོ་རོབ་གླིང་གིས་མཐུན་སྒྲིལ་བྱས་ཏེ་མ་འོངས་པའི་དངུལ་གཏོང་གཙོར་འཛིན་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས་བཅོ་ལྔ་ཉིན་མུའུ་ནེ་ཧེའི་བདེ་འཇགས་གྲོས་ཚོགས་སྐབས་ང་དྲུག་པའི་སྐབས་སུ། ཡོ་རོབ་གླིང་གིས་མཐུན་སྒྲིལ་གཅིག་གྱུར་བྱས་ཤིང་། གོམ་སྟབས་ཇེ་མགྱོགས་སུ་བཏང་ནས་མ་འོངས་པའི་དངུལ་གཏོང་གཙོར་འཛིན་དགོས་པའི་འབོད་སྐུལ་བཏང་། 

མཱ་ཁི་ལུང་གིས་བསྟན་དོན། ད་ལོའི་གྲོས་ཚོགས་ཀྱི་བརྗོད་སྙིང་ནི་ནུབ་ཕྱོགས་པའི་ཆད་ཤོར་ཡིན་པ་དང་། དེ་ལས་ནུབ་ཕྱོགས་རྒྱལ་ཁབ་དག་ཉམས་རྒུད་དུ་འགྲོ་བཞིན་ཡོད་པ་དང་སྔར་ལས་མང་བའི་འགྲན་རྩོད་ལ་འཕྲད་སྲིད་པ་གསལ་བཤད་བྱས་ཡོད། ཀྲུང་གོ་དང་ཨ་མེ་རི་ཁ་སོགས་ཀྱིས་མ་འོངས་པའི་ཆེད་དུ་མ་དངུལ་མང་དུ་གཏོང་བཞིན་ཡོད་ཅིང་། མ་འོངས་པར་འཕེལ་རྒྱས་ཀྱི་ཐབས་ལམ་གཏན་འཁེལ་བྱས་ཡོད། ཡོ་རོབ་གླིང་ལ་རང་ཉིད་ཀྱི་འཕེལ་རྒྱས་ཐབས་ཇུས་ཤིག་མྱུར་དུ་མཁོ་བ་དང་། རང་གི་བློ་སྤོབས་དང་དགོས་མཁོར་གཞིགས་ཏེ་སྔོན་རྩིས་གཏན་འབེབས་བྱས་ནས། ཡོ་རོབ་གླིང་ཧྲིལ་བོའི་བདེ་འཇགས་དང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས་ཟེར། 

ཡོ་རོབ་གླིང་དང་ཨུ་རུ་སིའི་འབྲེལ་བ་གླེང་སྐབས་མཱ་ཁི་ལུང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ་ཡོ་རོབ་གླིང་གིས་ཨུ་རུ་སིར་དམིགས་པའི་སྲིད་ཇུས་ལ་ཕན་ཐོགས་ཅི་ཡང་མེད་པ་དང་། མི་སུས་ཀྱང་ཐད་ཀར་དུ་ཨུ་རུ་སིའི་བར་ངོ་རྒོལ་བྱེད་འདོད་མེད་ལ། གདམ་གསེས་ཉག་ཅིག་ནི་ཨུ་རུ་སིའི་བར་སྔར་ལས་དམ་ཟབ་ཀྱི་གྲོས་མོལ་སྤེལ་བ་དེ་ཡིན་ཟེར། 

སྐབས་འདིའི་མུའུ་ནེ་ཧེའི་བདེ་འཇགས་གྲོས་ཚོགས་དེ་ཚེས་བཅུ་བཞི་ཉིན་ནས་ཚེས་བཅུ་དྲུག་ཉིན་བར་འཇར་མན་གྱི་མུའུ་ནེ་ཧེ་ནས་སྤེལ། གྲོས་ཚོགས་ཀྱི་བརྗོད་སྙིང་ནི་ནུབ་ཕྱོགས་པའི་ཆད་ཤོར་ཞེས་པ་ལས་ནུབ་ཕྱོགས་རྒྱལ་ཁབ་དག་གི་ཤུགས་རྐྱེན་ཉམས་དམས་སུ་འགྲོ་བ་དང་དེའི་མཇུག་འབྲས་ལ་གྲོས་བསྡུར་བྱེད་པའི་ཆེད་དུ་རེད། གཙོ་སྒྲུབ་ཕྱོགས་ཀྱི་བརྗོད་ཚུལ་ལྟར་ན། ནུབ་ཕྱོགས་ཀྱི་ཆད་ཤོར་ནི་རྒྱ་ཆེར་ཚོར་སྣང་བྱུང་བའི་བློ་མི་བདེ་བའི་ཚོར་སྣང་ཞིག་ཡིན་པ་དང་། མི་བདེ་བ་དེ་ནི་ནུབ་ཕྱོགས་ཀྱི་ཡུན་རིང་དམིགས་འབེན་གཏན་འཇགས་མིན་པ་དང་ནུབ་ཕྱོགས་ཀྱི་ཐུན་མོང་ལངས་ཕྱོགས་ཉམས་པ་ལས་བྱུང་བ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།