ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ་གཉིས་ཀྱིས་ཚེས་བཅོ་ལྔ་ཉིན་འཇར་མན་གྱི་མུའུ་ནེ་ཧེ་རུ་མུའུ་ནེ་ཧེའི་བདེ་འཇགས་གྲོས་ཚོགས་སྐབས་ང་དྲུག་པར་ཞུགས་སྐབས་གྲོས་མོལ་བྱས་པ་དང་། གཙོ་བོ་སི་རི་ཡཱའི་གནད་དོན་ཐད་ནས་གྲོས་བསྡུར་བྱས།
ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་ཀྱིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལྟར་ན། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ཕན་ཚུན་བར་གྱི་འབྲེལ་བ་དང་། དབུས་ཤར་ས་ཁུལ་གྱི་གནས་བབ། སི་རི་ཡཱའི་ཉམས་ཉེན། ཨུ་རུ་སི་དང་ཐུར་ཁེའི་སི་རི་ཡཱའི་བྱང་ཕྱོགས་དང་ནུབ་བྱང་ས་ཁུལ་གྱི་གནས་བབ་ཐད་ནས་བཀོད་པའི་གྲོས་མཐུན་བཅས་ལ་གྲོས་བསྡུར་བྱས་ཟེར།
ལཱ་ཧྥུའུ་ལོ་ཧྥུའུ་ཡིས་གྲོས་ཚོགས་སྐབས་སུ་སྨྱན་བྱད་ཀྱི་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། ཨུ་རུ་སི་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱིས་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ས་ཁུལ་གྱི་གནས་བབ་ཐད་ནས་འབྲེལ་ཡོད་གྲོས་མཐུན་བཀོད་ཡོད་པ་དང་། གྲོས་མཐུན་དེ་དག་གི་དམིགས་ཡུལ་ནི་འཁྲུག་རྩོད་མཚམས་འཇོག་པ་དང་དམག་དོན་མ་ཡིན་པའི་ས་ཁུལ་འཛུགས་པར་འགན་སྲུང་བྱེད་པའི་ཆེད་ཡིན་ལ། ངོ་རྒོལ་ཕྱོགས་ཁག་དང་འཇིགས་སྐུལ་ཉེས་ཅན་དབྱེ་འབྱེད་གསལ་བོ་བྱེད་རྒྱུ་ཡིན་ཡང་། དེ་ནི་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་མཚམས་བཞག་པ་གཏན་ནས་མིན་ཟེར།
ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། གྲོས་མཐུན་གྱི་ལས་འགན་ལག་བསྟར་བྱེད་པར་དཀའ་ཁག་ཡོད་ཀྱང་བྱ་བ་དེ་སྔར་བཞིན་སྤེལ་དགོས། རྒྱལ་ཁབ་གཉིས་ཀྱིས་ཆེད་མཁས་པ་དང་དམག་དཔུང་། ཕྱི་འབྲེལ། བདེ་འཇགས་སྡེ་ཁག་བཅས་ཀྱི་འབྲེལ་འདྲིས་ལ་བརྟེན་ནས་གྲོས་མཐུན་ལག་བསྟར་བྱེད་པའི་བྱེད་ཐབས་འཚོལ་ཞིབ་བྱེད་བཞིན་ཡོད་ཟེར། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ནན་གྱིས་བསྟན་དོན། ཨུ་རུ་སི་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བཟང་བ་ཡང་། ཕྱོགས་གཉིས་ཀྱི་གནད་དོན་ཚང་མའི་ཐད་ཀྱི་ལྟ་ཚུལ་གཅིག་གྱུར་ཡིན་པའི་ངེས་པ་མེད་ཟེར།
ཐུར་ཁེ་དང་ཨུ་རུ་སིའི་དབྱེ་ཏི་ལེ་པུའུ་གནད་དོན་ཐད་ཀྱི་འགལ་བ་ཡིསS-400རྟགས་ཅན་གྱི་མཁའ་སྲུང་འཕུར་མདའི་མ་ལག་གི་མཁོ་འདོན་གནད་དོན་ལ་གནོད་པ་ཐེབས་མིན་འདྲི་སྐབས་ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་བཤད་རྒྱུར། ཐུར་ཁེ་ཕྱོགས་ཀྱིས་རྒྱལ་ཁབ་གཞན་པའི་བར་འགལ་བ་ཅུང་ཙམ་བྱུང་བ་ལས་རྩ་དོན་ལངས་ཕྱོགས་དང་སྲིད་ཇུས་བསྒྱུར་མི་སྲིད་པ་དང་། ང་ཚོས་སི་རི་ཡཱའི་གནད་དོན་གྱིས་ཐུར་ཁེ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་དང་ཕྱོགས་གཉིས་ཀྱི་འབྲེལ་བར་གཏོར་བརླག་བྱེད་དུ་འཇུག་མི་རུང་ཟེར། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ཨུ་རུ་སི་དང་ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་གྱིས་སི་རི་ཡཱའི་གནད་དོན་ཐད་ནས་གྲོས་མོལ་བྱས།