ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ལིའི་དབུས་ཕྱོགས་ཀྱི་སྡེ་བ་ཞིག་ཏུ་འཇབ་རྒོལ་ཐེབས་ཏེ་ཉུང་མཐར་ཡང་མི་སེར་དཀྱུས་མ་ཉེར་གཅིག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

      ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཱ་ལིའི་དབུས་ཕྱོགས་ཀྱི་སྡེ་བ་ཞིག་ཏུ་ཚེས་བཅུ་བཞིའི་ཉིན་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་སེར་དཀྱུས་མ་ཉེར་གཅིག་རྐྱེན་ལམ་དུ་ཤོར། 

མཱ་ལིའི་སྲིད་གཞུང་གིས་ཚེས་བཅུ་བཞིའི་ཉིན་སྤེལ་བའི་སྤྱི་སྒྲོག་ལྟར་ན། ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ཉིན་དེའི་ཞོགས་པར་མཱ་ལིའི་དབུས་ཕྱོགས་ཀྱི་མའོ་ཕུའུ་ཐིས་ས་ཁུལ་གྱི་ཨོ་ཀི་སཱ་གནའ་གྲོང་ལ་འཇབ་རྒོལ་བྱས། ཉུང་མཐར་ཡང་མི་ཉེར་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོ་གར་སོང་རྙེད་མེད། གཞན་ཡང་ཁབ་བ་མང་བོ་མེར་བསྲེགས་པ་དང་། སྒོ་ཕྱུགས་མང་བོ་འཕྲོག་པ་རེད། མཱ་ལིའི་དམ་ཕྱོགས་ཀྱིས་དམག་དཔུང་མངག་ནས་འཇབ་རྒོལ་མཁན་གྱི་རྗེས་འདེད་བྱེད་བཞིན་ཡོད་ཟེར། 

ས་དེའི་སྡེ་དམངས་ཀྱིས་བཤད་རྒྱུར། འཇབ་རྒོལ་དེ་ལས་མི་སེར་དཀྱུས་མ་ཉི་ཤུ་ཙམ་གར་སོང་རྙེད་མེད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཱ་ལིའི་ཕྱོགས་བསྡུས་གཏན་འཇགས་ཆེད་མངག་ཚོགས་པས་ཚེས་བཅུ་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་བཏང་བ་དང་། ཕྱོགས་སོ་སོས་མཉམ་ལས་གང་ལེགས་བྱས་ཏེ་མཱ་ལིའི་དབུས་ཕྱོགས་ས་ཁུལ་གྱི་དྲག་ཤུགས་དོན་རྐྱེན་སྔར་ལས་ཛ་དྲག་ཏུ་གྱུར་བར་ཐབས་བཀོད་འཐེན་དགོས་པའི་འབོད་སྐུལ་བཏང་། གསལ་སྒྲོག་ལས་བཤད་རྒྱུར། མཱ་ལིའི་ཕྱོགས་བསྡུས་གཏན་འཇགས་ཆེད་མངག་ཚོགས་པས་དོན་རྐྱེན་བྱུང་སའི་གནས་སུ་འཕྲལ་སྒྲུབ་དམག་དཔུང་མངག་ཡོད་པ་དང་། མཱ་ལིའི་དམག་ཕྱོགས་ལ་བར་སྣང་རོགས་སྐྱོར་འདོན་སྤྲོད་བྱས་ཏེ། འཇབ་རྒོལ་དོན་རྐྱེན་དེ་འདྲ་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།