ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཁི་ལན་དང་ཨུ་རུ་སིའི་ཙུང་ཐུང་གིས་ཁ་པར་བརྒྱུད་དེ་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱིས་ཚེས་བཅུ་བཞིའི་ཉིན་ཁ་པར་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཐེངས་རྗེས་མའི་ནོའུ་མན་ཏིས་རྣམ་པའི་རྒྱལ་ཁབ་བཞིའི་མཐོ་རིམ་གྲོས་ཚོགས་ཀྱི་གྲ་སྒྲིག་བྱ་བ་དང་བཀག་འཇུག་མི་སྣ་ཕྱིར་གཏོང་བ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

བསྒྲགས་པ་ལྟར་ན། ཙེ་ལེན་སི་ཅི་དང་ཕུའུ་ཅིན་གྱིས་ཁ་པར་བརྒྱུད་དེ་ན་ནིང་ལོ་མཇུག་གི་ནོའུ་མན་ཏིས་རྣམ་པའི་ཕཱ་རེ་སིའི་མཐོ་རིམ་གྲོས་ཚོགས་ནས་བཀོད་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབ་བྱས་པའི་གནས་ཚུལ་ལ་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱིས་ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གི་སྒྲོམ་གཞིའི་འོག་གི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། འབྲེལ་ཡོད་གྲོས་མཐུན་གྱི་དངོས་འབེབ་ལ་སྐུལ་འདེད་གཏོང་བར་ཡིད་འཐད་བྱུང་ཡོད་ཟེར། 

ཙེ་ལེན་སི་ཅི་དང་ཕུའུ་ཅིན་གྱིས་ད་རུང་ཝུའུ་ཁི་ལན་ཤར་ཕྱོགས་དམངས་ཁྲོད་དྲག་ཆས་རྩ་འཛུགས་ཀྱིས་ཚོད་འཛིན་བྱེད་པའི་ས་ཁུལ་དང་ཁི་ལི་མུས་ཡཱ། ཨུ་རུ་སིའི་མངའ་ཁོངས་སུ་བཀག་འཇུག་བྱེད་པའི་ཝུའུ་ཁི་ལན་གྱི་སྤྱི་དམངས་བཅས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས། 

གཞན་ཡང་ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་སྤེལ་བའི་སྤྱི་སྒྲོག་ལྟར་ན། ཐེངས་འདིའི་གྲོས་མོལ་ནི་ཝུའུ་ཁི་ལན་གྱིས་གྲོས་གཞི་བཏོན་པ་ལྟར་སྤེལ་བ་རེད། ཕུའུ་ཅིན་གྱིས་ཕྱོགས་ཁག་སོ་སོས་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་ཝུའུ་ཁི་ལན་ཤར་ཕྱོགས་གནད་དོན་ཐག་གཅོད་བྱེད་པར་འབྲེལ་བའི་མེན་སི་ཁིའི་གྲོས་མཐུན་དང་ན་ནིང་ཟླ་བཅུ་གཉིས་པའི་ནོའུ་མན་ཏིས་རྣམ་པའི་རྒྱལ་ཁབ་བཞིའི་མཐོ་རིམ་གྲོས་ཚོགས་ནས་བཀོད་པའི་ཐུན་མོང་གི་ལྟ་ཚུལ་ཕྱོགས་ཡོངས་ནས་ལག་བསྟར་དངོས་འབེབ་བྱེད་དགོས་པ་ནན་བཤད་བྱས། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ད་རུང་མུ་མཐུད་དུ་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་དུ་འཁྲུག་རྩོད་མཚམས་འཇོག་པར་གྲོས་བསྡུར་བྱས་པར་མ་ཟད། མུ་མཐུད་དུ་བཀག་འཇུག་མི་སྣ་བརྗེ་སྤོར་བྱེད་པའི་བྱ་བ་སྤེལ་རྒྱུ་ཐག་བཅད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།