ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་ཐུར་ཁེ་ཡིས་སོ་ཆིའི་གྲོས་མཐུན་ལ་གཏོར་བརླག་བྱས་པར་སྐྱོན་འཛུགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། ཐུར་ཁེ་ཡིས་ཨུ་རུ་སི་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཉིས་སྟོང་བཅོ་བརྒྱད་ལོར་སོ་ཆི་ནས་བཀོད་པའི་གྲོས་མཐུན་ལག་བསྟར་མ་བྱས་པ་ནི་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་གྱུར་བའི་རྒྱུ་རྐྱེན་གཙོ་བོ་རེད་ཟེར། 

ཀྲ་ཧཱ་ལོ་ཝ་ཡིས་ཉིན་དེར་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། སི་རི་ཡཱའི་བྱང་ཕྱོགས་ཀྱི་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་ཛ་དྲག་གི་གནས་བབ་ཉེ་སྔོན་ཇེ་སྡུག་ཏུ་སོང་། དེ་ནི་གཙོ་བོ་ཐུར་ཁེ་ཕྱོགས་ཀྱིས་ཨུ་རུ་སི་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་བཀོད་པའི་སོ་ཆིའི་གྲོས་མཐུན་ལག་བསྟར་མ་བྱས་པས་རེད་ཟེར། 

ཨུ་རུ་སིའི་ཕྱོགས་ཀྱིས་ཐུར་ཁེ་ཡིས་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་དམག་དཔུང་བཀོད་སྒྲིག་བྱེད་བཞིན་པར་དོ་སྣང་བྱེད་བཞིན་ཡོད། 

ཀྲ་ཧཱ་ལོ་ཝ་ཡིས་བཤད་རྒྱུར། ཟླ་ངོ་འགའི་རིང་ལ། དྲག་ཆས་ཉེས་ཅན་གྱིས་སི་རི་ཡཱའི་བྱང་ཕྱོགས་ཀྱི་དཔུང་འཇུག་ལས་མི་སེར་དཀྱུས་མ་བརྒྱ་དང་ལྔ་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་སེར་དཀྱུས་མ་སུམ་བརྒྱ་ལྷག་ལ་རྨས་ཕོག སི་རི་ཡཱའི་སྲིད་གཞུང་དམག་དཔུང་གི་མི་བཞི་བརྒྱ་རྐྱེན་ལམ་དུ་ཤོར་བ་དང་། མི་དགུ་བརྒྱ་ལྷག་ལ་རྨས་ཕོག་ཡོད་ལ། སི་རི་ཡཱའི་བྱང་ས་ཁུལ་གྱི་གནས་བབ་ཧ་ཅང་ཛ་དྲག་གི་ཚད་དུ་བསླེབ་ཡོད་ཟེར། 

ཀྲ་ཧཱ་ལོ་ཝ་ཡིས་བསྟན་དོན། ཨུ་རུ་སི་ཡིས་ཐུར་ཁེ་དང་མཉམ་དུ་དབྱི་སི་ལེ་པུའུ་ཞིང་ཆེན་གྱི་གནས་བབ་ཐད་ནས་གྲོས་མོལ་བྱེད་འདོད་ཡོད་པ་དང་། ཕྱོགས་གཉིས་ཀྱིས་འབྲེལ་ཡོད་ཀྱི་ཐབས་ལམ་ལ་བརྟེན་ནས་གྲོས་མོལ་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།