ཝུའུ་ཁི་ལན་གྱི་ཙུང་ཐུང་དང་འཇར་མན་གྱི་ཙུང་ལི་ཡིས་ཝུའུ་ཁི་ལན་ཤར་ཕྱོགས་འཁྲུག་རྩོད་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཚེས་བཅུ་གཅིག་ཉིན་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་ཁ་པར་བཏང་སྟེ། ཝུའུ་ཁི་ལན་ཤར་ཕྱོགས་འཁྲུག་རྩོད་ས་ཁུལ་གྱི་དམག་དཔུང་ཕྱིར་འཐེན་བྱེད་པའི་གནས་ཡུལ་དང་ནོའུ་མན་ཏིས་རྣམ་པའི་ཕཱ་རེ་སིའི་མཐོ་རིམ་གྲོས་ཚོགས་ཀྱི་ཐུན་མོང་ལྟ་ཚུལ་དངོས་འབེབ་བྱས་པའི་གནས་ཚུལ་ལ་གྲོས་བསྡུར་བྱས། 

ཙེ་ལེན་སི་ཅི་དང་མའོ་ཁི་ཨར་གྱིས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་དམག་དོན་འབྲེལ་འདྲིས་ས་ཁུལ་ནས་གནས་གསུམ་གདམ་གསེས་བྱས་ཏེ་དམག་དཔུང་ཕྱིར་འཐེན་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱིས་བསྟན་དོན། ཚེས་བཅུ་གཉིས་ཉིན་མེན་སི་ཁི་ནས་སྤེལ་བའི་ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གི་གྲོས་ཚོགས་ནས་གནད་དོན་དེར་གྲུབ་འབྲས་ལོན་ཐུབ་པའི་རེ་བ་ཡོད་ཟེར། 

ཙེ་ལེན་སི་ཅི་ཡིས་མའོ་ཁི་ཨར་ལ་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་བདེ་འཇགས་གནས་བབ་དང་དེའི་སྔོན་ཐུན་མོང་གི་ལྟ་ཚུལ་སྣ་ཚོགས་དངོས་འབེབ་བྱས་པའི་གནས་ཚུལ་མཚམས་སྦྱོར་བྱས། ཁོས་དགོས་པ་ཡོད་པའི་སྐབས་སུ་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་དམངས་ཁྲོད་དྲག་ཆས་པའི་ཚོད་འཛིན་ས་ཁུལ་དུ་རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་དང་བཅས་པའི་རྒྱལ་སྤྱིའི་མི་ཆོས་རྩ་འཛུགས་ཀྱི་ལས་བྱེད་མི་སྣས་བཀག་རྒྱ་ཅི་ཡང་མེད་པའི་སྒོ་ནས་བཀག་འཇུག་བྱས་པའི་མི་སྣར་འབྲེལ་འདྲིས་བྱེད་པར་ཁག་ཐེག་བྱེད་སྲིད་པ་བསྐྱར་སྒྲོག་བྱས། 

མའོ་ཁི་ཨར་གྱིས་གླེང་མོལ་བྱེད་སྐབས་མིག་སྔའི་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་མ་བྱས་པར་སེམས་ཁུར་བྱེད་པའི་ཚུལ་བསྟན།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།