ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དབུས་ཤར་གནས་བབ་དང་ཕཱ་ལེ་སི་ཐན་གནད་དོན་གྱི་ཡོངས་བསྒྲགས་ཚོགས་འདུའི་སྟེང་ས་ཁྲ་བཟུང་ནས་གཏམ་བཤད་སྤེལ་བཞིན་པ།
ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དབུས་ཤར་གནས་བབ་དང་ཕཱ་ལེ་སི་ཐན་གནད་དོན་གྱི་ཡོངས་བསྒྲགས་ཚོགས་འདུའི་སྟེང་གཏམ་བཤད་སྤེལ་བཞིན་པ།
འདི་ནི་ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་པར་བླངས་པའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དབུས་ཤར་གནས་བབ་དང་ཕཱ་ལེ་སི་ཐན་གནད་དོན་གྱི་ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས་རྣམ་པ་རེད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཚེས་བཅུ་གཅིག་ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དབུས་ཤར་གནས་བབ་དང་ཕཱ་ལེ་སི་ཐན་གནད་དོན་གྱི་ཡོངས་བསྒྲགས་ཚོགས་འདུའི་སྟེང་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁའི་དབུས་ཤར་ཞི་བདེའི་འཆར་གཞི་གསར་བ་གཏན་ནས་ཁས་ལེན་བྱེད་མི་སྲིད་པའི་ཚུལ་བསྟན་ཡང་། དབྱི་སི་རལ་བར་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན།
ཨ་པཱ་སི་ཡིས་བཤད་རྒྱུར། འཆར་གཞི་དེ་ཡིས་ས་ཁུལ་ལ་ཞི་བདེ་དང་གཏན་འཇགས་བསྐྲུན་མི་སྲིད་པས། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་འཆར་གཞི་དེ་དང་ལེན་བྱེད་མི་སྲིད་པ་དང་། འཆར་གཞི་དེ་ལག་བསྟར་བྱེད་པར་ངོ་རྒོལ་བྱེད་ངེས་ཡིན་ཟེར། ཁོས་འཆར་གཞི་དེ་དང་འཆར་གཞིའི་ཁག་གང་རུང་གྲོས་མོལ་གྱི་དཔྱད་གཞིར་འཛིན་མི་རུང་བ་བསྐྱར་སྒྲོག་བྱས། ཨ་པཱ་སི་ཡིས་འཆར་གཞི་དེ་ནི་དབྱི་སི་རལ་དང་ཨ་མེ་རི་ཁའི་གྲོས་འདོན་དུ་འབོད་པ་དང་། དེ་ནི་དབྱི་སི་རལ་དང་ཨ་མེ་རི་ཁས་གཏན་འབེབས་བྱས་པའི་གཞན་མགོ་གནོན་པའི་འཆར་གཞི་ཞིག་རེད་ཟེར།
ཨ་པཱ་སི་ཡིས་བཤད་རྒྱུར། ཕཱ་ལེ་སི་ཐ་ཕྱོགས་ཀྱིས་འཆར་གཞི་དེ་དང་ལེན་མི་བྱེད་པའི་རྒྱུ་མཚན་ནི་འཆར་གཞི་དེར་རྒྱལ་སྤྱིའི་ལུགས་མཐུན་རང་བཞིན་མི་ལྡན་པ་དང་། ཨ་རབ་ཞི་བདེའི་འདོད་བློ་དང་རྒྱབ་འགལ་དུ་སོང་ཡོད་པས་ཡིན། འཆར་གཞི་དེ་ལས་ཕཱ་ལེ་སི་ཐན་པའི་རང་ཐག་གཅོད་པའི་དབང་ཆ་དང་རང་དབང་། སྒེར་ཚུགས་བཅས་ཀྱི་ཁེ་དབང་ནུས་མེད་ཡིད་པར་ཁྱབ་སྒྲོག་བྱས་ཡོད་ཅིང་། ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་དང་ཕཱ་ལེ་སི་ཐན་པའི་ས་ཞིང་གཞུང་བཞེས་བྱེད་པ། ཕཱ་ལེ་སི་ཐན་མངའ་ཁོངས་བཙན་བཟུང་བྱེད་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་དག་ཁྲིམས་མཐུན་ཅན་དུ་བསྒྱུར་ཡོད། འཆར་གཞི་དེ་ལས་ཕཱ་ལེ་སི་ཐན་རྒྱལ་ཁབ་ལ་ཡེ་ལུའུ་སཱ་ལེམ་ཤར་མར་བདག་དབང་མེད་པར་བྱས་ཡོད། གནད་དོན་དེ་ཁོ་ན་ཕཱ་ལེ་སི་ཐན་གྱིས་དང་ལེན་བྱེད་ཐབས་མེད་ཟེར།
ཨ་པཱ་སི་ཡིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་གལ་ཏེ་ཨ་མེ་རི་ཁའི་འཆར་གཞི་གསར་བ་ལག་བསྟར་བྱས་ན་མ་འོངས་པའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་རྒྱལ་ཁབ་གཉིས་ཀྱི་ས་ཁྲ་ཅི་འདྲ་ཡིན་པ་ཀུན་གྱི་མིག་སྔར་གསལ་བོར་མངོན་པར་བྱས་པ་དང་། ཁོས་རྒྱལ་ཁབ་གང་རུང་གིས་འདི་འདྲའི་མཇུག་འབྲས་དང་ལེན་བྱེད་ཐབས་མེད་པའི་ཚུལ་བསྟན།
ཨ་པཱ་སི་ཡིས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་དྲང་བདེན་དང་འདྲ་མཉམ་གྱིས་རྒྱལ་སྤྱིའི་ལུགས་མཐུན་རང་བཞིན་ལྡན་པའི་གྲོས་ཆོད་དངོས་འབེབ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། དབྱི་སི་རལ་དང་ཕཱ་ལེ་སི་ཐན་བར་ཞི་བདེ་མངོན་འགྱུར་བྱེད་པའི་གོ་སྐབས་དངོས་སུ་ལྡན་པར་བྱེད་དགོས་པའི་རེ་བ་བཏོན། ཁོས་བཙན་འཇོག་བྱས་པའི་ཞི་བདེའི་ཡུན་རིང་མི་སྲིད་ཟེར།
ཨ་པཱ་སི་ཡིས་ད་རུང་བསྟན་དོན། ཕཱ་ལེ་སི་ཐན་གྱིས་དྲག་ཤུགས་དང་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་མི་སྲིད་པ་དང་། ཡིའུ་ཐེ་བའང་དགྲ་བོའི་ཚུལ་དུ་འཇོག་མི་སྲིད། དབྱི་སི་རལ་ནང་ཁུལ་དུ་ཞི་བདེ་བརྩོན་ལེན་བྱེད་པའི་མཉམ་ལས་གྲོགས་པོ་ཡོད་ན་ཁོས་མྱུར་དུ་ཞི་བའི་གྲོས་མོལ་བྱེད་འདོད་ཡོད་ཟེར།
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
ཨ་པཱ་སི་ཡིས་ཨ་མེ་རི་ཁའི་དབུས་ཤར་ཞི་བདེའི་འཆར་གཞི་གསར་བ་གཏན་ནས་ཁས་ལེན་མ་བྱས།