ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ལི་པུ་ཡཱའི་ཁྲིམས་འགལ་རྡོ་སྣུམ་ཕྱིར་གཏོང་གཏན་འགོག་བཀའ་རྒྱའི་ཡུན་ཚད་ཇེ་རིང་དུ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅུ་གཅིག་ཉིན་གྲོས་ཆོད་གཉིས་ལྔ་ཐིག་དགུ་ལ་གྲོས་མཐུན་བཀོད་དེ། ལི་པུ་ཡཱའི་རྡོ་སྣུམ་ཁྲིམས་འགལ་གྱིས་ཕྱིར་གཏོང་བྱེད་པའི་གཏན་འགོག་བཀའ་རྒྱའི་ཡུན་ཚད་དེ་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཞི་བའི་ཚེས་སུམ་ཅུའི་བར་ཇེ་རིང་དུ་གཏོང་རྒྱུ་རེད། 

གྲོས་ཆོད་དེར་ཨུ་རུ་སི་མ་གཏོགས་པའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མའི་རྒྱབ་སྐྱོར་ཐོབ་ཡོད་ལ། ཨུ་རུ་སི་ཡིས་འདེམ་ཤོག་འཕེན་པའི་དབང་ཆ་བསྐྱུར་བ་རེད། 

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིས་སྟོང་བཅུ་བཞིའི་ལོར་གྲོས་མཐུན་བཀོད་པའི་གྲོས་ཆོད་གཉིས་གཅིག་བཞི་དགུ་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མས་འབྲེལ་ཡོད་ཨུ་ཡོན་ལྷན་ཁང་གིས་དམིགས་འཛུགས་བྱས་པའི་ལི་པུ་ཡཱ་ནས་ཁྲིམས་འགལ་གྱིས་མ་བཅོས་རྡོ་སྣུམ་ཕྱིར་གཏོང་བྱེད་པའི་གྲུ་གཟིངས་ལ་ཞིབ་བཤེར་བྱེད་པའི་དབང་ཆ་བསྩལ་བ་དང་། རྩད་ཆོད་པའི་མ་བཅོས་རྡོ་སྣུམ་དག་ཕྱིར་ལི་པུ་ཡཱ་ལ་སྤྲོད་དགོས་པ་རེད། ཉིས་སྟོང་བཅུ་བདུན་ལོའི་ཟླ་དྲུག་པར་གྲོས་མཐུན་བཀོད་པའི་གྲོས་ཆོད་གཉིས་གསུམ་དྲུག་གཉིས་ལས་མ་བཅོས་རྡོ་སྣུམ་ནས་རྡོ་སྣུམ་ཐོན་རྫས་བར་གཏན་འགོག་བྱས་ཡོད། 

གྲོས་ཆོད་གཉིས་ལྔ་ཐིག་དགུ་ལྟར་ན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལི་པུ་ཡཱའི་བཀག་སྡོམ་ཨུ་ཡོན་ལྷན་ཁང་དུ་བྱ་བ་བྱེད་པའི་ཆེད་མཁས་ཚན་ཆུང་གི་ཁྱད་དབང་དེ་ཉིས་སྟོང་ཉེར་གཅིག་ལོའི་ཟླ་ལྔ་བའི་ཚེས་བཅོ་ལྔའི་བར་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད་ཡོད། གྲོས་ཆོད་ལས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ལི་པུ་ཡཱའི་མཚོན་ཆའི་སྐྱེལ་འདྲེན་གཏན་འགོག་དང་རྒྱུ་ནོར་ཉར་འཇོག གནས་སྐོར་གཏན་འགོག་སོགས་བཀག་སྡོམ་བྱེད་ཐབས་ལག་བསྟར་ནན་མོ་བྱེད་དགོས་པའི་རེ་བ་བཏོན། གྲོས་ཆོད་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོས་དམག་དོན་ཐད་ནས་ལི་པུ་ཡཱའི་འཁྲུག་རྩོད་ལ་ཐེ་གཏོགས་བྱེད་པ་དང་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་གཏོང་བའི་བྱ་སྤྱོད་གཞན་པ་སྤེལ་མི་རུང་བའི་སྐུལ་མ་བཏང་།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།