ཀྲུང་གོ་བོད་ཀྱི་དྲ་བ།

ཏོག་དབྱིབས་ནད་དུག་གསར་བའི་འཛམ་གླིང་ཡོངས་ཀྱི་ཞིབ་འཇུག་དང་གསར་གཏོད་གླེང་སྟེགས་རི་ནེ་ཝ་ནས་སྤེལ་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་འཛམ་གླིང་ཡོངས་ཀྱི་འགོ་ནད་འགོག་བཅོས་ཞིབ་འཇུག་མཉམ་ལས་རྩ་འཛུགས་ཀྱིས་ཚེས་བཅུ་གཅིག་ཉིན་སུའེ་ཙེར་གྱི་རི་ནེ་ཝ་ནས་མཉམ་དུ་ཏོག་དབྱིབས་ནད་དུག་གསར་བའི་འཛམ་གླིང་ཡོངས་ཀྱི་ཞིབ་འཇུག་དང་གསར་གཏོད་གླེང་སྟེགས་སྤེལ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་གླེང་སྟེགས་སྟེང་གཏམ་བཤད་སྤེལ་ཏེ། གླེང་སྟེགས་ཀྱི་དམིགས་འབེན་གཅིག་ནི་ཚན་རིག་ཞིབ་འཇུག་གི་ལམ་ཐིག་འཆར་ཟིན་ཞིག་འགོད་རྒྱུ་དེ་ཡིན་པ་ནན་བཤད་བྱས། 

ཐན་ཏི་སེ་ཡིས་བཤད་རྒྱུར། ཏོག་དབྱིབས་ནད་དུག་གསར་བའི་རིམས་ནད་དེ་ནི་འཛམ་གླིང་ཡོངས་ཀྱི་ཆབ་སྲིད་དང་མ་དངུལ། ཚན་རིག་ཁྱབ་ཁོངས་བཅས་ཀྱི་མཐུན་སྒྲིལ་ལ་མཚོན་ན་ཉམས་སད་ཅིག་ཡིན་ཞིང་། འཛམ་གླིང་ཡོངས་ཀྱིས་མཐུན་སྒྲིལ་གྱི་སྙིང་སྟོབས་འདོན་སྤེལ་བྱས་ཏེ་རིམས་ནད་འགོག་བཅོས་བྱེད་པ་དང་། ཡོངས་བསྒྲགས་དང་འདྲ་མཉམ་གྱི་སྒོ་ནས་གཞི་གྲངས་དང་བརྡ་འཕྲིན་མཉམ་སྤྱོད་བྱེད་དགོས་ལ། ཁྱད་པར་དུ་མ་དཔེ་དང་གཞི་རྒྱུའི་གྲལ་རིམ་ཐད་ཀྱི་གནད་འགག་བརྡ་འཕྲིན་མཉམ་སྤྱོད་བྱེད་དགོས། ཞིབ་འཇུག་མི་སྣ་དང་ཞལ་འདེབས་འབུལ་མཁན་གྱིས་ལམ་ཐིག་འཆར་ཟིན་དེར་དམིགས་ཏེ་རང་སྟེང་གི་བྱ་བར་མཐུན་སྦྱོར་བྱེད་དགོས་ཟེར། ཁོས་བསྟན་དོན། འགོག་སྨན་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་ཕན་ནུས་ལྡན་པའི་གསོ་བཅོས་བྱེད་ཐབས་ད་དུང་རྙེད་མེད། ནད་དུག་འགོ་བའི་མྱུར་ཚད་དང་འགོ་ཡུན། ནད་པ་ལྗིད་མོའི་དོ་དམ་སོགས་འབྲེལ་ཡོད་གནད་དོན་ལའང་ལན་གསལ་བོ་ཞིག་མྱུར་དུ་འཚོལ་ཞིབ་བྱེད་དགོས་ཟེར། 

ཐན་ཏི་སེ་ཡིས་བསྟན་དོན། ཐེངས་འདིའི་གླེང་སྟེགས་ནི་ཆབ་སྲིད་དང་མ་དངུལ་ལ་འབྲེལ་བའི་གྲོས་ཚོགས་ཤིག་མིན་པར་ཚན་རིག་ལ་འབྲེལ་བའི་གྲོས་ཚོགས་ཤིག་ཡིན། ང་ཚོས་ཐུན་མོང་གི་ཤེས་བྱ་དང་བློ་གྲོས། ཉམས་མྱོང་བཅས་ལ་བརྟེན་ནས་ང་ཚོས་མིག་སྔར་ད་རུང་ཐབས་ལམ་རྙེད་མེད་པའི་གནད་དོན་དེ་དག་ཐག་གཅོད་བྱེད་དགོས་ཟེར། 

འཛམ་གླིང་ཡོངས་ཀྱི་འབྲེལ་ཡོད་རིག་ཚན་གྱི་ཚན་རིག་པ་དང་། འབྲེལ་ཡོད་རྒྱལ་ཁབ་དང་ས་ཁུལ་གྱི་འཐུས་མི། སྤྱི་བའི་འཕྲོད་བསྟེན་ལས་ཁུངས་ཀྱི་འཐུས་མི། མི་ཆོས་རིག་པའི་མཁས་པ། དེ་མིན་ཚན་རིག་ཞིབ་འཇུག་གི་རོགས་སྐྱོར་མཁན་གྱི་འཐུས་མི་གཙོ་བོ་སོགས་མི་བཞི་བརྒྱ་ལྷག་ཡུལ་དངོས་དང་སྐུད་ལམ་བརྒྱུད་དེ་ཚོགས་ཡུན་ཉིན་གཉིས་ཡིན་པའི་གླེང་སྟེགས་ལ་ཞུགས། 

གླེང་སྟེགས་དེར་གཙོ་བོ་ཕྱོགས་དགུ་འདུས་ཏེ། ཏོག་དབྱིབས་ནད་དུག་གསར་བའི་ནད་དུག་གི་ཁྱད་གཤིས་དང་། ནད་དུག་གི་ཐོན་སའི་སྲོག་ཆགས་དང་ཁོར་ཡུག ནད་དུག་འགོ་ཚད་ཀྱི་རྟོག་ཞིབ། ནད་ཐོག་གསོ་བཅོས། སྨན་ཁང་གི་འགོ་ནད་ཚོད་འཛིན། སྨན་རྫས་ཀྱི་གསར་སྤེལ། དེར་འཕྲོད་པའི་འགོག་སྨན། ཚན་རིག་ཞིབ་འཇུག་དང་མི་ཆོས། རིམས་ནད་འགོག་བཅོས་བྱེད་སྐབས་ཀྱི་སྤྱི་ཚོགས་ཚན་རིག་དང་སྤྱི་བའི་འཕྲོད་བསྟེན་བྱེད་ཐབས་བཅས་ཡིན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།