ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་མུ་མཐུད་དུ་ཀྲུང་གོའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ལ་རྒྱབ་སྐྱོར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡཱ་ཏི་སི་ཡཱ་པེད་པཱ་རུ་སྤེལ་བཞིན་པའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྐབས་སོ་གསུམ་པའི་སྟེང་། ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པའི་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་པ་སོགས་ཀྱིས་ལང་ལོང་སྒོས་ཀྲུང་གོའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་པར་མ་ཟད། བརྙས་དམོད་རང་བཞིན་གྱི་གཏམ་སྤྱོད་དང་འཆལ་གཏམ་འབྱུང་བར་སྔོན་འགོག་བྱེད་པའི་འདོད་བློ་བཏོན། 

ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བརྒྱད་ཉིན་ཡཱ་ཏི་སི་ཡཱ་པེད་པཱ་ནས་བཤད་རྒྱུར། ཀྲུང་གོས་རིམས་ནད་རྒྱ་ཡན་དུ་འགྲོ་བར་ཚོད་འཛིན་བྱེད་པའི་ཐད་འབད་བརྩོན་ཆེན་པོ་བྱས་པ་དང་། དེ་ནི་ལས་སླ་མོ་ཞིག་མ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་བྱས་ནས་མཉམ་དུ་རིམས་ནད་ཐག་གཅོད་བྱེད་དགོས་ཟེར། ཁོས་ད་རུང་ཕྱི་ཕྱོགས་ཀྱིས་ཀྲུང་གོའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ཐད་མ་ཉེས་ཁ་གཡོག་དང་རྒོལ་གཏམ་གཏོང་མི་རུང་བའི་ཉེན་བརྡ་བཏང་། 

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་བཞི་བའི་ཀྲུའུ་ཞི་པན་ཏིས་ཚེས་བརྒྱད་ཉིན་ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་སྐབས་བསྟན་དོན། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་སྐབས། མཐུན་སྒྲིལ་དང་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་འཆལ་གཏམ་སྔོན་འགོག་བྱེད་དགོས་ཟེར། ཁོས་ད་རུང་ཀྲུང་གོའི་རིམས་ནད་དང་འབྲེལ་བའི་གནས་ཚུལ་ཁྱབ་སྒྲོག་བྱེད་ཐབས་ལ་གཟེངས་བསྟོད་བྱས། 

ཚེས་དགུའི་ཉིན་སྤེལ་བའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་མགོ་གཙོའི་གྲོས་ཚོགས་སྐབས་སོ་གསུམ་པའི་སྟེང་། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅི་ཡིས་བཤད་རྒྱུར། སྐབས་འདིར་ང་ཚོས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་པའི་ཐད་ནས་ཀྲུང་གོའི་གྲོགས་པོར་སེམས་ཁུར་བྱེད་བཞིན་ཡོད་ལ། ང་ཚོ་མཐུན་སྒྲིལ་མཉམ་གནས་བྱེད་དགོས་ཟེར། 

ཐེངས་འདིའི་མཐོ་རིམ་གྲོས་ཚོགས་སྐབས་སུ། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ལག་བསྟར་ལས་འཛིན་ལྷན་ཚོགས་ཀྱིས་སྤྱི་སྒྲོག་སྤེལ་ཏེ། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་བློན་ཆེན་གྱིས་ཀྲུང་གོས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ལ་འགོག་བཅོས་བྱེད་པར་མཉམ་དུ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།