ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྐབས་སོ་གསུམ་པ་ནས་མེ་མདའ་མེད་པར་གཏོང་བ་སོགས་གྲོས་གཞི་གཙོར་བཟུང་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྐབས་སོ་གསུམ་པའི་མགོ་གཙོའི་གྲོས་ཚོགས་ཚེས་དགུའི་ཉིན་ཨེ་ཙེ་ཨོ་ཕི་ཡཱའི་རྒྱལ་ས་ཡཱ་ཏི་སི་ཡཱ་པེད་པཱ་ནས་དངོས་སུ་ཚོགས་མགོ་བརྩམས། སྐབས་འདིའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་མཇུག་སྒྲིལ་ལ་ཉེ་བ་དང་། མེ་མདའ་མེད་པར་གཏོང་བ་དང་ཨ་ཧྥེ་རི་ཁ་གླིང་སྐམ་སའི་རང་དབང་ཉོ་ཚོང་ས་ཁུལ་འཛུགས་པ་སོགས་གྲོས་གཞིར་མཐོ་རིམ་གྲོས་ཚོགས་སྐབས་སུ་དོ་སྣང་རྒྱ་ཆེན་པོ་ཐོབ་ཡོད། 

སྐབས་འདིའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་མཐོ་རིམ་གྲོས་ཚོགས་ཀྱི་ཚོགས་ཡུན་ནི་ཟླ་དང་པོའི་ཚེས་ཉེར་གཅིག་ཉིན་ནས་ཟླ་གཉིས་པའི་ཚེས་བཅུའི་ཉིན་བར་ཡིན་ཞིང་། བརྗོད་སྙིང་ལས་མེ་མདའ་མེད་པར་གཏོང་བ་དང་ཨ་ཧྥེ་རི་ཁ་གླིང་གི་འཕེལ་རྒྱས་ཐད་ཆ་རྐྱེན་བཟང་བོ་བསྐྲུན་ཡོད། 

ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅི་ཡིས་མཐོ་རིམ་གྲོས་ཚོགས་སྐབས་སུ་བསྟན་དོན། ཨ་ཧྥེ་རི་ཁ་གླིང་ལ་ནམ་རྒྱུན་འཇིགས་སྐུལ་རིང་ལུགས་དང་ཐལ་སྤྱོད་རིང་ལུགས་ཀྱི་འཇིགས་ཉེན་ཐེབས་ཞིན་ཡོད་པ་དང་། ཨ་ཧྥེ་རི་ཁ་གླིང་གི་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དེ་ཉེན་ཁའི་ཁྲོད་དུ་གནས་ཡོད་པས། མེ་མདའ་མེད་པར་གཏོང་བ་དེ་སྐབས་འདིའི་མཐོ་རིམ་གྲོས་ཚོགས་ཀྱི་བརྗོད་སྙིང་དུ་གྱུར་ཡོད་ལ། ཨ་ཧྥེ་རི་ཁ་གླིང་ནས་འཐབ་འཁྲུག་དང་ཕོ་མོའི་ཁྱད་པར་ལ་གཞིགས་པའི་དྲག་ཤུགས་མེད་པར་བཏང་སྟེ། ཞི་བདེ་མངོན་འགྱུར་དང་ཨ་ཧྥེ་རི་ཁ་གླིང་སྔར་ལས་འཕེལ་རྒྱས་བཟང་བོ་འབྱུང་བར་སྐུལ་འདེད་གཏོང་བའི་རེ་བ་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥེ་རི་ཁ་གླིང་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ལག་བསྟར་དྲུང་ཡིག་ཆེན་མོ་སུང་ཀོས་ཀྱིས་བཤད་རྒྱུར། ཨ་ཧྥེ་རི་ཁ་གླིང་གི་འཁྲུག་རྩོད་བྱུང་བའི་རྒྱལ་ཁབ་ཉེ་བའི་ལོ་འགའི་རིང་ལ་ཇེ་མང་དུ་འགྲོ་བཞིན་ཡོད་པས། མེ་མདའ་ལ་ཚོད་འཛིན་བྱེད་པ་སོགས་ལྷག་ཏུ་གལ་འགངས་ཆེ་བར་མངོན། 

མཐོ་རིམ་གྲོས་ཚོགས་སྐབས་སུ། ཨ་ཧྥེ་རི་ཁ་གླིང་སྐམ་སའི་རང་དབང་ཉོ་ཚོང་ས་ཁུལ་འཛུགས་སྐྲུན་བྱེད་པ་ནི་ཚོགས་ཞུགས་མཁན་གྱིས་དོ་སྣང་བྱེད་པའི་གྲོས་གཞི་གཙོ་བོ་ཞིག་རེད། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཉོ་ཚོང་དང་བཟོ་ལས་ཨུ་ཡོན་མུའུ་ཁྲང་ཅཱ་ཡིས་བཤད་རྒྱུར། མ་འོངས་པའི་ལོ་ངོ་བཅུའི་ནང་། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་སྒེར་གཉེར་ཁེ་ལས་སྐུལ་སློང་བྱས་ཏེ་ཨ་ཧྥེ་རི་ཁ་གླིང་ནས་མེ་སྒོར་ཐེར་འབུམ་ལྷག་ལ་བསླེབ་པའི་དངུལ་གཏོང་སྤེལ་རྒྱུ་ཡིན་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཨ་ཧྥེ་རི་ཁ་གླིང་སྐམ་སའི་རང་དབང་ཉོ་ཚོང་ས་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་མ་ཟད། ཨ་ཧྥེ་རི་ཁ་གླིང་དུ་ཡུན་རིང་ཞི་བདེ་དང་དར་རྒྱས་མངོན་འགྱུར་བྱེད་པར་རོགས་འདེགས་བྱེད་རྒྱུ་ཡིན་ཟེར། 

རང་བྱུང་གནོད་འཚེ་སོགས་ལས་བྱུང་བའི་འཚོ་སྡོད་ཀྱི་ཉམས་ཉེན་ཇེ་ཆེར་འགྲོ་བ་དེ་ཡང་མཐོ་རིམ་གྲོས་ཚོགས་ནས་དོ་སྣང་བྱེད་པའི་གནད་དོན་གཙོ་བོ་ཞིག་ཏུ་གྱུར་ཡོད། མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་སེ་མཱེ་ཏའོ་ཡིས་བསྟན་དོན། སཱ་ཧཱ་ལཱ་ལྷོ་ངོས་ཀྱི་ཨ་ཧྥེ་རི་ཁ་གླིང་དུ་མི་དུང་ཕྱུར་གཉིས་དང་བྱེ་བ་གསུམ་ས་ཡ་དགུ་ཡིས་ལྟོགས་སྐོམ་དང་འཚོ་བཅུད་མི་འདང་བའི་དཀའ་སྡུག་མྱོང་བཞིན་ཡོད། གནད་དོན་དེ་དག་ཐག་གཅོད་བྱེད་ཆེད། ཨ་ཧྥེ་རི་ཁ་གླིང་གིས་ཞིང་ལས་འཕེལ་སྟངས་བསྒྱུར་ཏེ་ཞིང་སྡེའི་དབུལ་ཕོངས་མི་གྲངས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།