ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་མང་བོའི་འགོ་ཁྲིད་ཀྱིས་ཀྲུང་གོས་ཕན་ནུས་མཐོན་པོས་རིམས་ནད་ལ་འགོག་རྒོལ་བྱས་པའི་བྱེད་ཐབས་ལ་གཟེངས་བསྟོད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བསྟུད་མར་ཉིན་འགའི་རིང་ལ། རྒྱལ་ཁབ་མང་བོའི་འགོ་ཁྲིད་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ལ་འགོག་རྒོལ་བྱེད་བཞིན་པའི་ཀྲུང་གོ་མི་དམངས་ལ་འཚམས་འདྲི་དང་རྒྱབ་སྐྱོར་བྱས་པ་དང་། ཀྲུང་གོའི་སྨན་བཅོས་ནད་གཡོག་མི་སྣའི་ཞུམ་མེད་ཀྱི་སྙིང་སྟོབས་ལ་བསྟོད་བསྔགས་དང་། ཀྲུང་གོ་སྲིད་གཞུང་གི་ཕན་འབྲས་མཐོ་བའི་རིམས་འགོག་བྱེད་ཐབས་ལ་གཟེངས་བསྟོད་བྱས།

དབྱིན་ཇིའི་རྒྱལ་མོ་དབྱི་ལེ་ཧྲ་པའེ་སྐུ་ཕྲེང་གཉིས་པས་ཚེས་དྲུག་ཉིན་རྒྱལ་སྲས་ཨན་ཏི་ལུའུ་བརྒྱུད་དེ་དབྱིན་ཇི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་པོ་ལིག་ཞའོ་མེན་ལ་ཀྲུང་གོས་རིམས་ནད་ལ་འགོག་རྒོལ་བྱས་པར་འཚམས་འདྲི་དང་སྨོན་འདུན་ཞུས། རྒྱལ་སྲས་ཨན་ཏི་ལུའུ་ཡིས་ཉིན་དེའི་དགོང་མོར་གཞུང་ཚབ་ཁང་ནས་བཤད་རྒྱུར། རྒྱལ་མོས་ཀྲུང་གོ་ནས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བར་ཧ་ཅང་ཐུགས་ཁུར་གནང་བཞིན་པ་དང་། ད་ནི་རིམས་ནད་འགོག་རྒོལ་གྱི་གནད་འགག་གི་དུས་སྐབས་ཡིན་པ་ཤེས་རྗེས། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོ་མི་དམངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་དང་། ཀྲུང་གོའི་མྱུར་དུ་རིམས་ནད་ལ་ཚོད་འཛིན་བྱེད་རྒྱུ་མ་ཟད་རིམས་ནད་ལས་རྣམ་པར་རྒྱལ་རྒྱུའི་སྨོན་འདུན་ཞུས་སོང་ཟེར།

ཁོ་སི་ཐ་རེ་ཀའི་ཙུང་ཐུང་ཨ་ཨར་ཝ་ལཱ་ཏོ་ཡིས་ཚེས་བདུན་ཉིན་ཙུང་ཐུང་བཞུགས་ཤག་ནས་ཁོ་སི་ཐ་རེ་ཀ་རུ་སྡོད་པའི་ཀྲུང་་གོའི་གཞུང་ཚབ་ཆེན་མོ་ཐང་ཧིན་ལ་ཐུག་འཕྲད་བྱེད་སྐབས། ཁོ་སི་ཐ་རེ་ཀའི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ཏེ་ཏོག་གསར་གློ་ཚད་བྱུང་བའི་ཐད་ནས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ལ་འཚམས་འདྲི་དང་རྒྱབ་སྐྱོར་བྱས་པར་མ་ཟད། ཁོ་སི་ཐ་རེ་ཀའི་སྲིད་གཞུང་གིས་ཀྲུང་གོས་རིམས་ནད་ལ་འགོག་རྒོལ་བྱེད་པར་སྤྱད་པའི་འགོག་བཅོས་ཚོད་འཛིན་བྱེད་ཐབས་ལ་གདེང་འཇོག་བཟང་བོ་བྱས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་དུས་ལྟར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་ཕྱོགས་གཞན་པ་སོ་སོར་ཆ་འཕྲིན་ཁྱབ་སྒྲོག་དང་མཉམ་སྤྱོད་བྱས་པར་གཟེངས་བསྟོད་བྱས་ལ། ཀྲུང་གོ་མི་དམངས་སྔ་མོ་ནས་ནད་ཡམས་ལས་རྣམ་པར་རྒྱལ་ཐུབ་པར་ཡིད་ཆེས་ཡོད་པའི་ཚུལ་བསྟན།

པོ་ཧེའི་ཀྲུའུ་ཞི་ཚོགས་པའི་སའེ་རིགས་ཀྱི་ཁོངས་མི་ཏོ་ཏིས་ཁི་ཡིས་ཀྲུང་གོས་ཏོག་གསར་གློ་ཚད་ལ་འགོག་བཅོས་ཚོད་འཛིན་བྱེད་པར་འབད་བརྩོན་བྱས་པར་གདེང་འཇོག་མཐོན་པོ་བྱས་པ་དང་། ཀྲུང་གོས་དུས་ཚོད་ཆེས་ཐུང་ངུའི་ནང་རྒྱལ་ཡོངས་ཀྱི་སྟོབས་ཤུགས་དང་ཐོན་ཁུངས་སྐུལ་སློང་བྱས་ཏེ་རིམས་ནད་ལ་འགོག་རྒོལ་བྱས་པའི་ཕན་འབྲས་ནི་མི་རྣམས་ཧ་ལས་དགོས་པ་ཞིག་ཡིན་ལ། ཁོ་ཀྲུང་གོ་དང་ཀྲུང་གོ་མི་དམངས་ལ་རིམས་ནད་ལ་ཁ་གཏད་འཇལ་བའི་ནུས་པ་ཡོད་པར་ཡིད་ཆེས་ཡོད་ཟེར།

ཧྥ་རན་སིའི་ཙུང་ཐུང་ཟུར་པ་ཨོ་ལང་ཏི་ཡིས་ཚེས་དྲུག་ཉིན་ཧྥ་རན་སི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ལུའུ་ཧྲ་ཡེ་ལ་ཁ་པར་བཏང་ནས། དེང་སྐབས་ཀྲུང་གོས་ཏོག་གསར་གློ་ཚད་ལ་འགོག་རྒོལ་བྱེད་པའི་ཐད་ནས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ལ་རྒྱབ་སྐྱོར་དང་འཚམས་འདྲི་བྱས། ཁོས་ཀྲུང་གོ་སྲིད་གཞུང་གིས་ཡང་དག་པའི་ཇུས་ཆོད་སྤྱད་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྲུང་གོས་ཕན་ནུས་ལྡན་པར་རིམས་ནད་ལ་འགོག་བཅོས་ཚོད་འཛིན་བྱེད་ཐུབ་པར་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་བཤད།

ཧྥ་རན་སིའི་ཧྥ་ལན་ཞི་གླིང་ཕྲན་ཁུལ་ཆེན་གྱི་གྲོས་ཁང་གི་ཀྲུའུ་ཞི་ཕེ་ཁི་ལེ་སི་ཡིས་ཉེ་སྔོན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཀྲུང་གོའི་སྨན་བཅོས་ནད་གཡོག་མི་སྣས་རིམས་ནད་འགོག་བཅོས་བྱེད་སྐབས་དཔའ་ངང་ཞུམ་མེད་ཀྱི་རྣམ་འགྱུར་མངོན་བྱུང་ལ། ངས་ཁོ་ཚོའི་སྤོབས་པ་དང་ནད་ཡམས་ལས་རྣམ་པར་རྒྱལ་བའི་ཆོད་སེམས་བརྟན་པོ་མཐོང་སོང་། ངས་ཆེད་དུ་སྨན་བཅོས་ནད་གཡོག་མི་སྣ་ཁྲི་ཕྲག་ལ་གུས་འདུད་ཞུས་པ་ཡིན་ཟེར།

ཕ་ལེ་སི་ཐན་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཨ་ས་ཏི་ཁའེ་སིག་གིས་བཤད་རྒྱུར། ཕ་ལེ་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་གནས་བབ་ལ་རྒྱུན་དུ་དོ་སྣང་བྱས་ཡོད། གལ་ཏེ་ཀྲུང་གོར་དགོས་མཁོ་བྱུང་ཚེ། ཕ་ལེ་སི་ཐན་གྱིས་རང་ནུས་ཅི་ལྕོགས་སྒོས་རོགས་རམ་བྱེད་རྒྱུ་ཡིན། ཕ་ལེ་སི་ཐན་དང་ཀྲུང་གོའི་མི་དམངས་དང་མཉམ་དུ་ཡོད་ཟེར།

བྷང་ག་ལ་རྒྱལ་ཁབ་ཀྱི་འཕྲོད་བསྟེན་དང་ཁྱིམ་ཚང་ཕན་བདེ་པུའུ་ཡི་པུའུ་ཀྲང་མཱ་ལེ་ཁི་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོས་རིམས་ནད་ལ་ཁ་གཏད་འཇལ་བར་འབད་བརྩོན་ལྷོད་མེད་བྱས་པ་དང་ཕན་འབྲས་མཐོ་བའི་བྱ་བ་བསྒྲུབས་པར་གཟེངས་བསྟོད་བྱས། ཁོས་ཀྲུང་གོའི་འབད་བརྩོན་གྱིས་འཛམ་གླིང་ཡོངས་ཀྱིས་ཏོག་གསར་གློ་ཚད་ལ་ཁ་གཏད་སྔར་ལས་བཟང་བོ་འཇལ་བར་རོགས་རམ་བྱེད་བཞིན་ཡོད་ཅེས་བཤད།

ཁོང་གོ་ཅིན་གྱི་འཕྲོད་བསྟེན་པུའུ་ཀྲང་ལུང་གུང་ཏོ་དང་། ཙུང་ལི་གཞོན་པའི་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་ཁུར་མཁན་ཐུང་པ་སོགས་སྲིད་གཞུང་གི་དཔོན་རིགས་མང་བོས་ཁོང་གོ་ཅིན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲུའུ་ཅིན་དང་གྲོས་མོལ་བྱེད་སྐབས་བཤད་རྒྱུར། ཁོང་གོ་ཅིན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ནས། དཀའ་ངལ་མཉམ་སེལ་བྱེད་འདོད་ཡོད། འཛམ་གླིང་ཅན་གྱི་རྒྱབ་ལྗོངས་འོག་ཏུ། རྒྱལ་ཁབ་གང་ཡིན་རུང་རིམས་ནད་བྱུང་ཚེ་རྒྱལ་ཁབ་གཞན་པས་རང་དགར་བསྐྱུར་མི་རུང་། རྒྱལ་ཁབ་སོ་སོས་རྡོག་རྩ་གཅིག་སྒྲིལ་གྱིས་མཉམ་དུ་ཁ་གཏད་འཇལ་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།