ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣའི་འཇབ་རྒོལ་དོན་རྐྱེན་ཁྲོད་དུ་མི་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བརྒྱད་ཉིན་བཤད་རྒྱུར། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་མི་སྣས་ཉིན་དེར་དབྱི་རག་བྱང་ཕྱོགས་ཀྱི་སཱ་ལཱ་ཧི་ཏེན་ཞིང་ཆེན་ནས་འཇབ་རྒོལ་བྱས་ཏེ། དབྱི་རག་གི་དམག་མི་གཅིག་བསད་པ་དང་། གཞན་ཡང་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་མི་སྣ་གཉིས་ཀྱང་འཇབ་རྒོལ་ཁྲོད་ནས་བསད་ཟེར།

སཱ་ལཱ་ཧི་ཏེན་ཞིང་ཆེན་གྱི་ཉེན་རྟོག་ཕྱོགས་ཀྱི་དཔོན་རིགས་མུའུ་ཧན་མོ་ཏི་པ་ཆི་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་མི་སྣས་ཉིན་དེར་ཞིང་ཆེན་དེ་རུ་ཡོད་པའི་དབྱི་རག་དམག་དཔུང་གི་དམག་སྒར་ལ་འཇབ་རྒོལ་བྱས་པ་དང་། ཕྱོགས་གཉིས་བར་དུ་འཐབ་འཁྲུག་དྲག་པོ་བྱུང་། དབྱི་རག་གི་བདེ་སྲུང་མི་སྣ་གནས་དེར་དམག་དཔུང་གི་རམ་འདེགས་སུ་ཐོན་རྗེས། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་མི་སྣ་རྣམས་ས་དེ་ནས་བྲོས་སོང་ཟེར།

ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཉིས་པར། དབྱི་རག་གིས་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་ཆམ་ཕབ་གཏོང་བར་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་ཁྱབ་བསྒྲགས་བྱས་མོད། ཡིན་ནའང་མིག་སྔར་དབྱི་རག་གི་མངའ་ཁོངས་སུ་ཡོད་པའི་ཐལ་སྤྱོད་མི་སྣ་ཁ་ཤས་ཀྱིས་གོ་སྐབས་དང་བསྟུན་ནས་འཇབ་རྒོལ་དོན་རྐྱེན་སློང་བཞིན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།