ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་རྒྱལ་ས་ནས་འགས་གཏོར་དོན་རྐྱེན་གཉིས་བྱུང་ནས་མི་བདུན་ལ་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

     ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་རྒྱལ་ས་པ་ཀི་ཏ་ནས་ཚེས་བརྒྱད་ཉིན་གྱི་དགོང་མོར་འགས་གཏོར་དོན་རྐྱེན་གཉིས་བྱུང་ནས། མི་བདུན་ལ་རྨས་ཕོག

དབྱི་རག་ནང་སྲིད་པུའུ་ཡི་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། འགས་གཏོར་དོན་རྐྱེན་ཐེངས་དང་བོ་དེ་པ་ཀི་ཏ་གྲོང་ཁྱེར་གྱི་ཤར་རྒྱུད་ནས་བྱུང་སྟེ། མི་བཞི་རྨས་ལ། ཉེ་འདབས་ཀྱི་ཁང་བ་དང་རླངས་འཁོར་ལ་ཡང་གཏོར་བརླགས་ཐེབས་སོང་། འགས་གཏོར་དོན་རྐྱེན་ཐེངས་གཉིས་པ་དེ་པ་ཀི་ཏ་གྲོང་ཁྱེར་གྱི་བྱང་རྒྱུད་ནས་བྱུང་བ་དང་། མི་གསུམ་རྨས་སོང་། མིག་སྔར་རྨས་མ་རྣམས་སྨན་ཁང་དུ་བསྐྱལ་ནས་སྨན་བཅས་བྱེད་བཞིན་ཡོད། འགས་གཏོར་དོན་རྐྱེན་བྱུང་རྗེས། དབྱི་རག་གི་བདེ་སྲུང་དམག་དཔུང་གིས་འགས་གཏོར་བྱུང་ས་བཀག་སྡོམ་བྱས་ཏེ་རྟོག་ཞིབ་བྱེད་བཞིན་འདུག་ཟེར།

མིག་སྔར་རྩ་འཛུགས་དང་མི་གཅིག་གིས་ཀྱང་འགས་གཏོར་དོན་རྐྱེན་དེ་གཉིས་བཟོས་པ་ཁས་བླངས་མེད།

ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཉིས་པར། དབྱི་རག་གིས་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་ཆམ་ཕབ་གཏོང་བར་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་ཁྱབ་བསྒྲགས་བྱས་མོད། ཡིན་ནའང་མིག་སྔར་དབྱི་རག་གི་མངའ་ཁོངས་སུ་ཡོད་པའི་ཐལ་སྤྱོད་མི་སྣ་ཁ་ཤས་ཀྱིས་གོ་སྐབས་དང་བསྟུན་ནས་འཇབ་རྒོལ་དོན་རྐྱེན་སློང་བཞིན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།