ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱིའི་ལས་འཛིན་པས་ཝུའུ་ཧན་གྱི་མང་ཚོགས་ཚོས་རིམས་ནད་འགོག་རྒོལ་ཐད་འབད་བརྩོན་བྱས་པར་བཀའ་དྲིན་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱིའི་ལས་འཛིན་པ་ཐན་ཏི་སའེ་ཡིས་ཚེས་དྲུག་ཉིན་རི་ནེ་ཝ་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། ཀྲུང་གོའི་ཝུའུ་ཧན་གྱི་མང་ཚོགས་ཚོས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་རྒོལ་ཐད་བསྒྲུབས་པའི་བྱ་བ་ཡོད་ཚད་ལ་བཀའ་དྲིན་ཞུས། ཁོས་ཝུའུ་ཧན་མི་དམངས་ཀྱི་མཐུན་སྒྲིལ་གྱི་སྙིང་སྟོབས་དེ་ལྟ་བུ་ཡོད་ན། ནད་དུག་ལས་རྣམ་པར་རྒྱལ་ཐུབ་པ་ཤ་སྟག་ཡིན་ཞེས་བཤད།

ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། ཐན་ཏི་སའེ་ཡིས་བཤད་རྒྱུར། རིམས་ནད་འགོག་རྒོལ་གྱི་བརྒྱུད་རིམ་ཁྲོད་དུ། ཝུའུ་ཧན་དང་ཐ་ན་ཧུའུ་པེ་མི་དམངས་ཀྱིས་འབད་བརྩོན་གང་མང་བྱས་ཡོད། ངས་ཁོ་ཚོར་བཀའ་དྲིན་ཞུས་པ་དང་། ཁོ་ཚོའི་མཉམ་ལས་ལ་བཀའ་དྲིན་ཞུས་པ་ཡིན། ཁོ་ཚོས་རྒྱལ་ཁབ་རང་གི་མི་དམངས་ལ་སྲུང་སྐྱོབ་བྱས་པར་མ་ཟད་འཛམ་གླིང་གི་ས་ཆ་གཞན་པར་ཡང་སྲུང་སྐྱོབ་བྱས་པ་རེད་ཟེར།

ཐན་ཏི་སའེ་ཡིས་ཁོ་སྔོན་ཆད་པེ་ཅིན་ལ་འཚམས་འདྲིར་སོང་མྱོང་བ་དང་། ཝུའུ་ཧན་ལ་འགྲོ་ཐུབ་རྒྱུའི་རེ་བ་བཅངས་མྱོང་ཡོད་ཅེས་བཤད། ཁོས་ཝུའུ་ཧན་མི་དམངས་ལ་འཚམས་འདྲིར་འགྲོ་རྒྱུའི་དམ་བཅས་པ་ཡིན་ལ། ཉིན་མོ་དེ་མྱུར་དུ་བསླེབ་རྒྱུའི་རེ་བ་བཅངས་ཡོད་ཅེས་བཤད།

ཐན་ཏི་སའེ་ཡིས་བཤད་རྒྱུར། ངས་གཏམ་བཤད་པའི་སྐབས་འདིར། ངས་རང་ཉིད་ནི་དོན་དངོས་སུ་ཁོ་ཚོའི་ཁྲོད་ཀྱི་གཅིག་ཡིན་པའི་ཚོར་སྣང་བྱུང་བ་དང་། ངའི་སེམས་ནི་ཁོ་ཚོ་དང་མཉམ་དུ་ཡོད་ལ། ནད་དུག་ལ་འགོག་རྒོལ་བྱེད་མཁན་གྱི་མི་རྣམས་དང་མཉམ་དུ་ཡོད་ཟེར། ཁོས་ཝུའུ་ཧན་མི་དམངས་ཀྱི་སྙིང་སྟོབས་དེ་ལྟ་བུ་དང་། ཕན་ཚུན་ལ་སེམས་ཁུར་བྱེད་པའི་སེམས་དེ་ལྟ་བུ་ཡོད་ན། ང་ཚོ་ནད་དུག་ལས་རྣམ་པར་རྒྱལ་ངེས་པར་ཡིད་ཆེས་ཡོད་ཅེས་བཤད།

ཉིན་དེའི་སྒྲོག་སྤེལ་ཚོགས་འདུའི་སྟེང་། ཐན་སའེ་ཏི་ཡིས་ད་དུང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཟླ་འདིའི་ཚེས་བཅུ་གཅིག་ཉིན་དང་ཚེས་བཅུ་གཉིས་ཉིན་གཉིས་ལ་རི་ནེ་ཝ་ནས་འཛམ་གླིང་གི་ཆེད་མཁས་པའི་ཚོགས་འདུ་བསྡུས་ཏེ། རྒྱལ་སྤྱིའི་ཚན་རིག་ཞིབ་འཇུག་གི་སྟོབས་ཤུགས་མཐུན་སྦྱོར་དང་། ཏོག་དབྱིབས་ནད་དུག་གསར་བའི་ཞིབ་འཇུག་གཙོ་གནད་བརྒལ་གཏོར་བྱས་ཏེ། སྔ་མོ་ནས་སྨན་བཅོས་ཀྱི་ཇུས་གཞི་དང་ནུས་ལྡན་གྱི་འགོག་ཁབ་བཙལ་རྒྱུ་ཡིན་ཞེས་བཤད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།