ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་དམག་དོན་བློ་འདོན་པས་ཀྲུང་གོའི་སུའུ་ཏན་གྱི་ཏ་ཨར་ཧྥུའུ་ཨར་ལ་སོང་བའི་བདེ་སྲུང་དམག་དཔུང་ལ་གདེང་འཇོག་མཐོན་པོ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་དམག་དོན་བློ་འདོན་པ་ཀྲུང་ཅང་དམག་དོན་ལོ་དབྱི་ཐི་ཡིས་ཚེས་བདུན་ཉིན་ཀྲུང་གོའི་སུའུ་ཏན་གྱི་ཏ་ཨར་ཧྥུའུ་ཨར་ལ་སོང་བའི་བདེ་སྲུང་དམག་དཔུང་ལ་གཟིགས་བཤེར་བྱས་པ་དང་། ཀྲུང་གོའི་བདེ་སྲུང་དམག་དཔུང་གི་སྒྲིག་ལམ་དམ་པོ་ཡིན་པ་དང་ཕྱོགས་ཡོངས་ཀྱི་ནུས་པ་ལྡན་པ། རྣམ་འགྱུར་བཟང་བ་བཅས་ལ་གཟེངས་བསྟོད་བྱས།

ལོ་དབྱི་ཐི་ཡིས་ཉིན་དེར་གཙོ་བོ་མཉམ་འབྲེལ་རྒྱལ་ཚོགས་དང་ཧྥེ་གླིང་མནའ་འབྲེལ་གྱི་ཏ་ཨར་ཧྥུའུ་ཨར་དུ་ཡོད་པའི་མཉམ་འབྲེལ་ཆེད་མངགས་དམག་དཔུང་གི་དམག་དོན་སྟོབས་ཤུགས་འཛུགས་སྐྲུན་གྱི་གནས་ཚུལ་དང་ཡན་ལག་རུ་ཁག་གི་བདེ་སྲུང་ནུས་པར་རྟོག་དཔྱོད་དཔྱད་འཇོག་བྱས་ཏེ། མ་འོངས་པའི་མཉམ་འབྲེལ་རྒྱལ་ཚོགས་དང་ཧྥེ་གླིང་མནའ་འབྲེལ་གྱི་ཏ་ཨར་ཧྥུའུ་ཨར་དུ་ཡོད་པའི་མཉམ་འབྲེལ་ཆེད་མངགས་དམག་དཔུང་གི་དམག་དོན་སྟོབས་ཤུགས་ལེགས་སྒྲིག་ཐད་ཇུས་ཆད་དང་གཞི་འཛིན་ས་འདོན་སྤྲོད་བྱས།

ཉིན་དེའི་ཕྱི་དྲོར། ལོ་དབྱི་ཐི་སྔ་གཞུག་ཏུ་ཀྲུང་གོའི་བདེ་སྲུང་དམག་དཔུང་སྐོར་བཅོ་ལྔ་བའི་བདེ་སྲུང་ཨར་ལས་དམག་ཡན་ལག་རུ་ཁག་གི་དམག་སྒར་དང་ཀྲུང་གོའི་སྐོར་གསུམ་པའི་བདེ་སྲུང་གྱེན་འཕུར་གནམ་གྲུའི་ཡན་ལག་རུ་ཁག་གི་དམག་སྒར་ལ་སོང་ནས། དཔོན་དམག་ལ་གཟིགས་བཤེར་དང་ཡར་ཞུ་ལ་ཉན་པ། དམག་དོན་ནུས་པ་མངོན་པར་ལྟ་སྦྱོང་། ཀྲུང་གོའི་སྲོལ་རྒྱུན་དུས་ཆེན་གྱི་འཁྲབ་སྟོན་ལ་ལྟ་བ་བཅས་བྱས་པར་མ་ཟད། དམག་སྒར་འཛུགས་སྐྲུན་གནས་ཚུལ་ལ་ཞིབ་གཟིགས་བྱས། ལོ་དབྱི་ཐི་ཡིས་ཀྲུང་གོའི་སུའུ་ཏན་གྱི་ཏ་ཨར་ཧྥུའུ་ཨར་ལ་སོང་བའི་བདེ་སྲུང་དམག་དཔུང་གི་དཔོན་དམག་ལ་གདེང་འཇོག་མཐོན་པོ་བྱས་ཏེ། ཁོ་ཚོའི་སྒྲིག་ལམ་དམ་པ་དང་ཕྱོགས་ཡོངས་ཀྱི་ནུས་པ་ལྡན་ལ། རྣམ་འགྱུར་བཟང་ཞེས་བསྟོད་བསྔགས་བྱས།

མཉམ་འབྲེལ་རྒྱལ་ཚོགས་དང་ཧྥེ་གླིང་མནའ་འབྲེལ་གྱི་ཏ་ཨར་ཧྥུའུ་ཨར་དུ་ཡོད་པའི་མཉམ་འབྲེལ་ཆེད་མངགས་དམག་དཔུང་གི་དམག་སྤྱི་པུའུ་ཡི་འབྲེལ་གཏུག་དམག་དཔོན་མོ་ན་ཨར་གྱིས་བལྟས་ན། ཀྲུང་གོའི་བདེ་སྲུང་དམག་དཔུང་གིས་ཁྱད་དུ་འཕགས་པའི་བྱ་སྤྱོད་ལས་མཉམ་འབྲེལ་རྒྱལ་ཚོགས་དང་ཧྥེ་གླིང་མནའ་འབྲེལ་གྱི་ཏ་ཨར་ཧྥུའུ་ཨར་དུ་ཡོད་པའི་མཉམ་འབྲེལ་ཆེད་མངགས་དམག་དཔུང་གི་སྣང་བརྙན་བཟང་བོ་མཚོན་པར་བྱས་པ་དང་། ཡག་ལག་རུ་ཁག་གཞན་པར་མིག་དཔེ་བསྟན་ཡོད་པར་འདོད།

ཀྲུང་གོའི་སུའུ་ཏན་གྱི་ཏ་ཨར་ཧྥུའུ་ཨར་ལ་སོང་བའི་བདེ་སྲུང་དམག་དཔུང་གི་སྐོར་བཅོ་ལྔ་བའི་བདེ་སྲུང་ཨར་ལས་དམག་གི་ཡན་ལག་རུ་ཁག་དང་སྐོར་གསུམ་པའི་བདེ་སྲུང་གྱེན་འཕུར་གནམ་གྲུའི་ཡན་ལག་རུ་ཁག་གིས་གྲུབ་པ་རེད། ཨར་ལས་དམག་གི་ཡན་ལག་རུ་ཁག་དང་གྱེན་འཕུར་གནམ་གྲུའི་ཡན་ལག་རུ་ཁག་གཉིས་ལས་འགན་ལག་བསྟར་བྱེད་ཡུལ་དུ་ཐོན་རྗེས། ཨར་ལས་སྣ་ཚོགས་ཀྱི་འགན་སྲུང་དང་འཕུར་སྐྱོད་འགན་སྲུང་གི་ལས་འགན་སྣ་ཚོགས་ཁྱད་དུ་འཕགས་པར་ཡོངས་འགྲུབ་བྱས་པས། མཉམ་འབྲེལ་རྒྱལ་ཚོགས་དང་ཧྥེ་གླིང་མནའ་འབྲེལ་གྱི་ཏ་ཨར་ཧྥུའུ་ཨར་དུ་ཡོད་པའི་མཉམ་འབྲེལ་ཆེད་མངགས་དམག་དཔུང་ལ་མེད་དུ་མི་རུང་བའི་སྟོབས་ཤུགས་ཞེས་པའི་བསྟོད་བསྔགས་ཐོབ་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།