ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཁོ་ལོམ་པི་ཡའི་ཙུང་ཐུང་ཏུའུ་ཁི་ལ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར40ལོན་པར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་རེས་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞི་ཅིན་ཕིང་གིས་ཁོ་ལོམ་པི་ཡའི་ཙུང་ཐུང་ཏུའུ་ཁི་ལ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར40ལོན་པར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་རེས་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ2ཚེས7ཉིན་ཁོ་ལོམ་པི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཏུའུ་ཁི་ལ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར40ལོན་པར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་རེས་བྱས།

 ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་བསྟན་དོན། ཕྱི་འབྲེལ་བཙུགས་ནས་ལོ40རིང་ཀྲུང་གོ་དང་ཁོ་ལོམ་པི་ཡ་ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། གཉིས་ཁེ་གཉིས་ཕན། ཐུན་མོང་འཕེལ་རྒྱས་བཅས་ཀྱི་རྩ་དོན་མཐའ་འཁྱོངས་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་གཉིས་པོའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བཅས་བྱས་ཡོད། 2019ལོའི་ཟླ7པར་ཙུང་ཐུང་ཏུའུ་ཁེ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པ་དང་ང་ཚོས་ལྷག་བསམ་ཟོལ་མེད་དང་མཛའ་མཐུན་ངང་བགྲོ་གླེང་བྱས་པ་མ་ཟད། ཐུན་མོང་གི་ལྟ་བ་གཅིག་གྱུར་བྱུང་ནས་ཀྲུང་གོ་དང་ཁོ་ལོམ་པི་ཡ་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་འབྱུང་བར་སྒུལ་ཤུགས་གསར་པ་བསྣན། ངས་ཀྲུང་གོ་དང་ཁོ་ལོམ་པི་ཡ་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཙུང་ཐུང་ཏུའུ་ཁེ་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་བར་ཕྱི་འབྲེལ་བཙུགས་ནས་ལོ40འཁོར་བ་དེ་འགོ་འཛུགས་ས་གསར་པར་བྱས་ཏེ་ཀྲུང་གོ་དང་ཁོ་ལོམ་པི་ཡ་བར་གྱི་འབྲེལ་བ་ལོ་རྒྱུས་ཀྱི་དུས་མཚམས་གསར་པར་སླེབས་པར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད།

  ཏུའུ་ཁེས་རྟེན་འབྲེལ་འཕྲིན་ཡིག་ནང་། 2019ལོར་ང་རང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱས་པ་དང་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་ལྟ་བ་གཅིག་མཐུན་མང་པོ་བྱུང་ནས་ཕྱོགས་གཉིས་པོའི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། རིག་གནས་བཅས་ཀྱི་ཁྱབ་ཁོངས་ཐད་ལ་མཛའ་མཐུན་གྱི་མཉམ་ལས་བྱེད་པར་སྒུལ་ཤུགས་གསར་པ་བསྣན་ཡོད།  ངས་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་མཉམ་ལས་བརྒྱུད་ཁོ་ལོམ་པི་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་ཕུལ་བར་ཚད་མཐོའི་བསྔགས་བརྗོད་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་ཁོ་ལོམ་པི་ཡའི་མི་དམངས་ཀྱི་ཚབ་བྱས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་མ་འོངས་པའི་ལོ40ཡི་འཕེལ་རྒྱས་ལམ་ཐིག་འཆར་འགོད་ཡག་པོ་བྱས་ནས་ཕྱོགས་གཉིས་པོའི་འབྲེལ་བ་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན་ཞེས་བསྐྱར་བསྒྲགས་བྱེད་འདོད་ཡོད་ཅེས་བསྟན། ། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།