ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་གིས་དྲག་ཆས་ཉེས་ཅན་ཉེར་དྲུག་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་སྲིད་གཞུང་གིས་ཚེས་ལྔ་ཉིན་བདེན་དཔང་བྱས་དོན། འདས་པའི་དུས་ཚོད་ཉེར་བཞིའི་ནང་། ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་གིས་ཞིང་ཆེན་མང་བོ་ནས་བར་སྣང་འཇབ་རྒོལ་དོན་རྐྱེན་བཟོས་ཏེ། ཉུང་མཐར་ཡང་དྲག་ཆས་ཉེས་ཅན་ཉེར་དྲུག་བསད་ཟེར། 

ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨ་ཧྥུའུ་ཧན་གྱི་མཁའ་དམག་གིས་འདས་པའི་དུས་ཚོད་ཉེར་བཞིའི་ནང་སྔ་གཞུག་ཏུ་ལྷོ་ཕྱོགས་ཀྱི་ཁན་ཏཱ་ཧཱ་ཞིང་ཆེན་དང་ཧི་ཨར་མན་ཏི་ཞིང་ཆེན། ནུབ་ཕྱོགས་ཀྱི་ཧི་ལཱ་ཐི་ཞིང་ཆེན་བཅས་ནས་ས་དེའི་ཐཱ་ལེ་པན་དྲག་ཆས་པའི་སྦས་སྐོང་བྱེད་སར་བར་སྣང་འཇབ་རྒོལ་བྱས་ཏེ། བསྡོམས་པས་དྲག་ཆས་ཉེས་ཅན་བཅོ་བརྒྱད་བསད་ཟེར། 

ཨ་ཧྥུའུ་ཧན་བྱང་ཕྱོགས་ཀྱི་ཁོན་ཏུའུ་ཧྲི་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་མུའུ་ལཱ་ཏིས་ཀྱིས་གསར་འགོད་པར་བདེན་དཔང་བྱས་དོན། ཨ་ཧྥུའུ་ཧན་གྱི་མཁའ་དམག་གིས་ཚེས་བཞི་ཉིན་ཁོན་ཏུའུ་ཧྲི་ཞིང་ཆེན་དུ་བར་སྣང་འཇབ་རྒོལ་ཐེངས་འགར་སྤེལ་ཏེ། བསྡོམས་པས་དྲག་ཆས་ཉེས་ཅན་བརྒྱད་བསད་པ་དང་། གཞན་ཡང་དྲག་ཆས་ཉེས་ཅན་བདུན་ལ་རྨས་ཕོག་ཡོད་ཟེར། 

ཨ་ཧྥུའུ་ཧན་གྱི་རྒྱལ་སྲུང་བློན་ཆེན་ཚབ་མ་ཧཱ་ལི་ཏི་ཡིས་ཚེས་ལྔ་ཉིན་བསྟན་དོན། ཨ་ཧྥུའུ་ཧན་གྱི་རྒྱལ་དམངས་དམག་དཔུང་དང་ཉེན་རྟོག་པ་འདུས་པའི་ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་གིས་མུ་མཐུད་དུ་དྲག་ཆས་ཉེས་ཅན་གཙང་ཕྱགས་བྱེད་པའི་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར། 

ཁོས་བཤད་རྒྱུར། གཙང་ཕྱགས་འགུལ་སྐྱོད་སྤེལ་བ་ལས་དྲག་ཆས་ཉེས་ཅན་སྐོར་ཞིག་གིས་བདེ་འཇགས་དམག་དཔུང་ལ་མཚོན་ཆ་སྤྲད་ནས་མགོ་སྒུར་བ་དང་། འདས་པའི་ཟླ་ངོ་འགའི་ནང་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་སྟོང་གཅིག་ཙམ་གྱིས་ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ནན་ཀི་ཧཱ་ཨར་ཞིང་ཆེན་ནས་བདེ་འཇགས་དམག་དཔུང་ལ་མགོ་སྒུར་ཡོད་ཟེར།།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།