ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་ནང་སྲིད་པུའུ་ཀྲང་གིས་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་སོ་འོི་གནས་སྤོར་སྡོད་དམངས་ཀྱི་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་དགོས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་མན་གྱི་ནང་སྲིད་པུའུ་ཀྲང་ཙེ་ཧའོ་ཧྥེ་ཨར་གྱིས་ཚེས་བཞིའི་ཉིན་བཤད་རྒྱུར། ད་ལོའི་ལོ་སྨད་དུ་འཇར་མན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་རྒྱུ་ཡིན་པ་དང་། ཞོར་དུ་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོའི་བར་གྱི་གནས་སྤོར་སྡོད་དམངས་སྲིད་ཇུས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱི་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་ཡིན་ཟེར། 

ཙེ་ཧའོ་ཧྥེ་ཨར་གྱིས་ཉིན་དེར་པའོ་ལིན་ནས་ཚོགས་མགོ་བརྩམས་པའི་ཡོ་རོབ་གླིང་གི་ཉེན་རྟོག་ཚོགས་ཆེན་སྟེང་བསྟན་དོན། འཇར་མན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་རྗེས། གནས་སྤོར་སྡོད་དམངས་ཀྱི་གནད་དོན་དང་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་གཉིས་འདྲ་མཚུངས་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཡོད་པ་དང་། གནས་སྤོར་སྡོད་དམངས་ཀྱི་སྲིད་ཇུས་དང་རྒྱལ་ཁོངས་བརྒལ་བའི་གཞི་གྲངས་མཉམ་སྤྱོད་ནི་བྱ་བའི་གཙོ་གནད་དོན་ཡིན་ཟེར། 

ཙེ་ཧའོ་ཧྥེ་ཨར་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོས་གནས་སྤོར་སྡོད་དམངས་ཀྱི་སྲིད་ཇུས་ལག་བསྟར་ཤུགས་ཚད་ཞན་པར་སྐྱོན་བརྗོད་བྱས། ཁོས་བཤད་རྒྱུར། གནས་སྤོར་སྡོད་དམངས་མི་ཉུང་བ་ཞིག་གིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་མང་བོར་འགེབས་སྲུབ་ཐོབ་པར་འཚོལ་ཞིབ་བྱེད་བཞིན་ཡོད་པ་དང་། པའོ་ལིན་སྤྱི་ཆིངས་ལྟར་ན། གནས་སྤོར་སྡོད་དམངས་རེ་འགའ་ཡོ་རོབ་གླིང་མནའ་འབྲེལ་དུ་ཡོང་བའི་ཆེས་ཐོག་མའི་རྒྱལ་ཁབ་ཏུ་སྐྱེལ་དགོས་པ་ཡིན་ཡང་། རྒྱལ་ཁབ་དེ་དག་གིས་རྒྱུན་པར་ཕྱིར་ལྡོག་རེ་བར་ཁ་ཡ་བྱེད་མི་སྲིད་ཟེར། 

ཁོས་བལྟས་ན། ཡོ་རོབ་གླིང་མནའ་འབྲེལ་གྱིས་གང་མགྱོགས་སྒོས་ཡོ་རོབ་གླིང་མཐའ་མཚམས་ཀྱི་དོ་དམ་ཅུའུ་ཡི་མི་ཤུགས་ཇེ་མང་དུ་གཏོང་དགོས་པ་དང་། ཉིས་སྟོང་ཉེར་བདུན་ལོའི་སྔོན་ཡོ་རོབ་གླིང་གི་མཐའ་མཚམས་དོ་དམ་ཅུའུ་ཡི་ལས་བྱེད་མི་སྣ་ཁྲི་གཅིག་ཏུ་རྒྱ་བསྐྱེད་པའི་སྔོན་ཆད་ཀྱི་འཆར་གཞི་དེ་ཧ་ཅང་དལ་དྲགས་པར་འདོད། 

ཙེ་ཧའོ་ཧྥེ་ཨར་གྱིས་གནས་སྤོར་སྡོད་དམངས་དང་འབྲེལ་བའི་གནད་དོན་ཐད་ཀྱི་རྣམ་འགྱུར་ཅུང་བརྟན་པོ་ཡིན། ཉེ་བའི་ལོ་འགའི་རིང་ལ། ཁོས་ཐེངས་མང་བོར་འཇར་མན་གྱིས་མཐའ་མཚམས་བདེ་འཇགས་ཞིབ་བཤེར་ས་ཚིགས་ཇེ་མང་དུ་གཏོང་བ་དང་། མཐའ་མཚམས་ས་ཁུལ་དུ་ལྟ་རྟོག་ཚོད་འཛིན་ནན་མོ་བྱས་ཏེ་འཇར་མན་གྱི་བདེ་འཇགས་གནས་བབ་ལེགས་བཅོས་བྱེད་པའི་འདོད་བློ་ཐེངས་མང་བོར་བཏོན་མྱོང་། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།