ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ལེ་སི་ཐན་གྱིས་ཨ་མེ་རི་ཁ་དང་དབྱི་སི་རལ་བར་གྱི་བདེ་འཇགས་མཉམ་ལས་མཚམས་འཇོག་རྒྱུའི་ཉེན་བརྡ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཚེས་གསུམ་ཉིན་ཉེན་བརྡ་བཏང་སྟེ། གལ་ཏེ་ཨ་མེ་རི་ཁས་ཨུ་ཚུགས་མཐར་བསྐྱེད་ཀྱིས་དབུས་ཤར་ཞི་བདེའི་འཆར་གཞི་གསར་བ་ལག་བསྟར་བྱེད་ན། ཕཱ་ལེ་སི་ཐན་གྱིས་ཨ་མེ་རི་ཁ་དང་དབྱི་སི་རལ་རྒྱལ་ཁབ་གཉིས་བར་གྱི་བདེ་འཇགས་མཉམ་ལས་མཚམས་འཇོག་རྒྱུ་ཡིན་ཟེར། 

ཨ་པཱ་སི་ཡིས་ཉིན་དེར་ཕཱ་ལེ་སི་ཐན་གྱི་ནེ་ཀིའི་གྲོས་ཚོགས་སྟེང་བསྟན་དོན། བདེ་འཇགས་མཉམ་ལས་ནི་ཕཱ་ལེ་སི་ཐན་དང་ཨ་མེ་རི་ཁའི་དབང་འཛིན་ལས་ཁུངས་བར་གྱི་མིག་སྔའི་འབྲེལ་འདྲིས་ཉག་ཅིག་ཡིན། གལ་ཏེ་ཨ་མེ་རི་ཁས་མུ་མཐུད་དུ་དབུས་ཤར་ཞི་བདེའི་འཆར་གཞི་གསར་བ་ལག་བསྟར་བྱས་ན། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ཨ་མེ་རི་ཁའི་བར་གྱི་འབྲེལ་ཡོད་མཉམ་ལས་མཚམས་འཇོག་རྒྱུ་ཡིན་ཟེར། 

ཨ་པཱ་སི་ཡིས་བསྟན་དོན། ཁོས་གཟའ་འཁོར་རྗེས་མར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་ཨ་མེ་རི་ཁའི་དབུས་ཤར་ཞི་བདེའི་འཆར་གཞི་གསར་བའི་ཐད་ནས་ཕཱ་ལེ་སི་ཐན་གྱི་ལངས་ཕྱོགས་བསྟན་ནས་ཕཱ་ལེ་སི་ཐན་གྱི་ཇུས་གཞི་འདོན་རྒྱུ་ཡིན་ཟེར། 

ཕཱ་ལེ་སི་ཐན་གྱི་དཔལ་འབྱོར་པུའུ་ཀྲང་ཨིག་སེ་ལི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཕཱ་ལེ་སི་ཐན་གྱིས་དབྱི་སི་རལ་གྱི་ཞིང་ཞོར་ཐོན་རྫས་དང་འཚོ་བའི་མཁོ་དངོས་སྐོར་ཞིག་ནང་འདྲེན་བྱེད་པར་གཏན་འགོག་བྱས་ཏེ། དབྱི་སི་རལ་གྱིས་ཉེ་སྔོན་ཕཱ་ལེ་སི་ཐན་གྱི་ཞིང་ཞོར་ཐོན་རྫས་ནང་འདྲེན་བྱེད་པར་གཏན་འགོག་བྱེད་པར་རྒོལ་ལན་སྤྲོད་རྒྱུ་ཡིན། ཆོད་དོན་དེ་དུས་ཚོད་ཞེ་བརྒྱད་ནང་ནུས་ལྡན་དུ་འགྱུར་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།