ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་གིས་ཕིན་ཕའེ་ཨོ་ལ་ཐུག་འཕྲད་བྱས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བ་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཨར་ཅི་ཡའོ་ཡེ་ཧྥུའུ་ཡིས་ཚེས་གསུམ་ཉིན་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་དང་གྲོས་མོལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དང་། དཔལ་འབྱོར་ཉོ་ཚོང་དང་ས་ཁུལ་གྱི་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་པ་སོགས་ཀྱི་ཐད་ནས་བསམ་འཆར་བརྗེ་རེས་བྱས། 

ཕིན་ཕའེ་ཨོ་ཡིས་གྲོས་མོལ་བྱེད་སྐབས་བཤད་རྒྱུར། ཨ་མེ་རི་ཁས་ཝུའུ་ཙི་པེ་ཁི་སི་ཐན་གྱི་བཅོས་བསྒྱུར་སྣ་ཚོགས་ལ་རྒྱབ་སྐྱོར་བྱེད་ཅིང་། ཝུའུ་ཙི་པེ་ཁི་སི་ཐན་གྱི་སྒེར་ཚུགས་དང་བདག་དབང་། མངའ་ཁོངས་ཆ་ཚང་ཡོང་བར་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། ཝུའུ་ཙི་པེ་ཁི་སི་ཐན་འཛམ་གླིང་ཉོ་ཚོང་རྩ་འཛུགས་ནང་ཞུགས་པར་རོགས་རམ་བྱེད་འདོད་ཡོད་ཟེར། 

མུས་ཨར་ཅི་ཡའོ་ཡེ་ཧྥུའུ་ཡིས་བསྟན་དོན། ཝུའུ་ཙི་པེ་ཁི་སི་ཐན་དང་ཨ་མེ་རི་ཁས་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པའི་ཚུན་ལ། དཔལ་འབྱོར་ཉོ་ཚོང་དང་དངུལ་ལོར། ཞིང་ལས། ནུས་ཁུངས། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རིམ་བཞིན་རྒྱ་བསྐྱེད་ཡོད། མིག་སྔར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་བྱུང་ཡོད་པ་དང་། ཕྱོགས་གཉིས་བར་གྱི་ཡིད་ཆེས་ཇེ་དྲག་ཏུ་སོང་ཡོད་ཟེར། 

ཕིན་ཕའེ་ཨོ་ཚེས་གཉིས་ཉིན་གྱི་དགོང་མོར་ཐཱ་ཧྲི་ཀན་དུ་འབྱོར་ནས་ཝུའུ་ཙི་པེ་ཁི་སི་ཐན་ལ་དུས་ཡུན་ཉིན་གཉིས་ཀྱི་འཚམས་འདྲི་བྱེད་མགོ་བརྩམས་པ་དང་། ཚེས་གསུམ་ཉིན་ཕིན་ཕའེ་ཨོ་ཡིས་ཐཱ་ཧྲི་ཀན་ནས་ཨེ་ཤ་ཡཱ་དབུས་མའི་རྒྱལ་ཁབ་ལྔའི་ཕྱི་འབྲེལ་བློན་ཆེན་དང་མཉམ་དུ་གྲོས་མོལ་བྱས་པ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།