ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་གྱི་མཚོ་ཐོག་རང་སྲུང་རུ་ཁག་གི་མཐར་སྐྲོད་གྲུ་གཟིངས་མང་ཚོགས་ཀྱི་ངོ་རྒོལ་ཁྲོད་ནས་དབུས་ཤར་ས་ཁུལ་དུ་ལམ་ལ་ཆས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་པན་གྱི་མཚོ་ཐོག་རང་སྲུང་རུ་ཁག་གི་མཐོ་རླབས་རྟགས་ཅན་གྱི་མཐར་སྐྲོད་གྲུ་གཟིངས་ཚེས་གཉིས་ཉིན་ཧྲིན་ནཱ་ཁྲོན་རྫོང་གི་ཧིན་ཞུའུ་ཧི་རྟེན་གཞི་ནས་ལམ་དུ་ཆས་ཏེ། དབུས་ཤར་ས་ཁུལ་དུ་གསང་འཕྲིན་འཚོལ་སྡུད་དང་གྲུ་གཟིངས་ལ་སྲུང་སྐྱོབ་བྱེད་པ་སོགས་ཀྱི་ལས་འགན་ལག་བསྟར་བྱེད་དུ་སོང་། གྲོང་ཁྱེར་སྡོད་དམངས་མང་བོས་རྟེན་གཞིའི་ཉེ་འཁོར་དུ་འདུ་ཚོགས་བསྡུས་ཏེ་དོན་དེར་ངོ་རྒོལ་བྱས། 

ཚེས་གཉིས་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་དང་ཕྱེད་ཀའི་སྟེང་། མཐོ་རླབས་རྟགས་ཅན་གྱི་མཐར་སྐྲོད་གྲུ་གཟིངས་གྲུ་ཁ་དང་བྲལ་ནས་ལམ་དུ་ཆས། ཚོད་དཔག་བྱས་ན་ཟླ་རྗེས་མའི་ཟླ་དཀྱིལ་དུ་དམིགས་སའི་མཚོ་ཁོངས་སུ་འབྱོར་སྲིད་པ་དང་། ཟླ་དང་པོར་ལས་འགན་ལག་བསྟར་བྱེད་མགོ་བརྩམས་པའིP-3Cརྟགས་ཅན་གྱི་སྐོར་ཞིབ་གནམ་གྲུ་གཉིས་དང་མཉམ་འབྲེལ་འགུལ་སྐྱོད་སྤེལ་རྒྱུ་རེད། 

ཉིན་དེར་འཇར་པན་གྱི་སྡོད་དམངས་ཉིས་བརྒྱ་ལྷག་གིས་རྟེན་གཞིའི་ཉེ་འདབས་སུ་འདུས་ཚོགས་བསྡུས་ཏེ། འཇར་པན་སྲིད་གཞུང་གིས་རང་སྲུང་རུ་ཁག་མངག་གཏོང་བྱས་པར་ངོ་རྒོལ་བྱས། མཐར་སྐྲོད་གྲུ་གཟིངས་གྲུ་ཁ་དང་འབྲལ་སྐབས། གྲོང་ཁྱེར་སྡོད་དམངས་རེ་འགས་དབུས་ཤར་དུ་འགྲོ་མི་རུང་། དབུས་ཤར་དུ་མངག་གཏོང་བྱེད་པར་ངོ་རྒོལ་བྱེད་པའི་འཕྲེད་བྱང་བཀལ་བའི་གྲུ་གཟིངས་ཆུང་བ་གཉིས་བསྐོར་ནས་མཐར་སྐྲོད་གྲུ་གཟིངས་ཀྱི་ཉེ་སར་ཡོང་ནས་ངོ་རྒོལ་བྱས། 

འཇར་པན་སྲིད་གཞུང་གིས་ཐེངས་འདིར་རྒྱལ་སྲུང་བཀོད་སྒྲིག་བཅའ་ཁྲིམས་ཁྲོད་ཀྱི་རྟོག་ཞིབ་དང་ཞིབ་འཇུག་དོན་ཚན་གཞིར་བཟུང་སྟེ། དབུས་ཤར་ས་ཁུལ་དུ་རང་སྲུང་རུ་ཁག་མངག་གཏོང་བྱས་པ་ཡིན་པས་རྒྱལ་ཚོགས་ཀྱི་ཆོག་མཆན་ཐོབ་མི་དགོས་པ་རེད། རྒྱལ་སྲུང་བློན་ཆེན་གྱིས་དབུ་བཞུགས་བློན་ཆེན་གྱི་ཆོག་མཆན་ཐོབ་རྗེས་མཚོ་ཐོག་ཉེན་ཟོན་འགུལ་སྐྱོད་བཀའ་རྒྱ་བཏང་ཆོག་པ་དང་། མཚོ་ཐོག་རང་སྲུང་རུ་ཁག་གི་ཁོངས་མིས་ལུགས་མཐུན་འགོག་སྲུང་དང་བྲེལ་མྱུར་ཉེན་གཡོལ་གྱི་ཁྱབ་ཁོངས་སུ་མཚོན་ཆ་བེད་སྤྱོད་བྱས་ཏེ། འཇར་པན་གྱི་གྲུ་གཟིངས་ལ་གནོད་པ་མི་ཐེབས་པར་སྲུང་སྐྱོབ་བྱས་ཆོག་ཀྱང་། ཕྱི་རྒྱལ་གྱི་གྲུ་གཟིངས་དག་མཚོན་ཆ་བེད་སྤྱོད་བྱས་ནས་འགོག་སྲུང་བྱ་ཡུལ་གྱི་གྲས་སུ་ཚུད་མེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།