ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གྱིས་ཞི་ཅིན་ཕིང་ལ་དངོས་སུ་བྲིས་པའི་འཕྲིན་ཡིག་བསྐུར་ནས་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་གྱིས་ཟླ་གཉིས་པའི་ཚེས་གཅིག་ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་དངོས་སུ་བྲིས་པའི་འཕྲིན་ཡིག་བསྐུར་ནས། ཁྲའོ་ཞན་གྱི་ཏང་དང་མི་དམངས་ཀྱི་ཚབ་བྱས་ཏེ་ཀྲུང་གོའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་ཐད་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་རྒྱབ་སྐྱོར་བྱས། 

ཅིན་ཀྲིན་ཨིན་གྱིས་འཕྲིན་ཡིག་ནང་བསྟན་དོན། ང་རང་ཉིད་དང་ཁྲའོ་ཞན་ཏང་དང་མི་དམངས་ཀྱིས་ཀྲུང་གོ་ནས་བྱུང་བའི་ཐེངས་འདིའི་རིམས་ནད་དེ་རང་གི་ལས་དོན་ཞིག་ཏུ་བསམས་ཡོད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མགོ་ཁྲིད་འོག་ཏུ། ཀྲུང་གོའི་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱིས་རིམས་ནད་འགོ་བཅོས་ཚོད་འཛིན་བྱ་བའི་འཐབ་རྩོད་ཁྲོད་རྒྱལ་ཁ་ལེན་ཐུབ་པར་ང་ཚོ་ཡིད་ཆེས་བརྟན་པོ་ཡོད། གོ་སྐབས་འདི་དང་བསྟུན་ནས་ངས་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ལས་ཡུལ་དང་པོར་འབད་འཐབ་བྱེད་པའི་གུང་ཁྲན་ཏང་ཡོན་དང་སྨན་བཅོས་མི་སྣ་ཚང་མར་འཚམས་འདྲི་ཞུ་བ་དང་། རིམས་ནད་ཀྱིས་ཉེ་མིའི་ཚེ་སྲོག་འཕྲོག་པའི་ཁྱིམ་ཚང་དག་ལ་སེམས་གཏིང་ནས་མྱ་ངན་ཞུ་བཞིན་ཡོད་པར་མ་ཟད། ཀྲུང་གོའི་ཕྱོགས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན། གུས་པར་འོས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐུ་ལུས་བདེ་ཐང་ཡོང་བ་དང་། ཀྲུང་གོའི་མི་དམངས་བདེ་འཇགས་དང་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུས་པ་ཡིན་ཟེར།
ཞི་ཅིན་ཕིང་གིས་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་དང་ཁྲའོ་ཞན་ཏང་དང་མི་དམངས་བཅས་ཀྱིས་ཀྲུང་གོར་འཚམས་འདྲི་དང་རྒྱབ་སྐྱོར་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཞུས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།