ཀྲུང་གོ་བོད་ཀྱི་དྲ་བ།

ཅོར་ཏན་མང་ཚོགས་ཀྱིས་འདུ་ཚོགས་བསྡུས་ཏེ་དུས་རབས་གྲོས་མཐུན་ལ་ངོ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཅོར་ཏན་མང་ཚོགས་ཀྱིས་ཟླ་དང་པོའི་ཚེས་སོ་གཅིག་ཉིན་འདུ་ཚོགས་བསྡུས་ཏེ། ཨ་མེ་རི་ཁས་ཉེ་སྔོན་ཁྱབ་སྒྲོག་བྱས་པའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བའི་དུས་རབས་གྲོས་མཐུན་ལ་ངོ་རྒོལ་བྱས། 

མང་ཚོགས་སྟོང་ཕྲག་འགའ་ཉིན་དེར་རྒྱལ་ས་ཨན་མན་གྱི་ཅོར་ཏན་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གི་ཉེ་འདབས་དང་། ཨན་མན་གྲོང་ཁྱེར་ལྟེ་གནས། པཱ་ཁཱ་ཡུལ་གྱར་བའི་སྒར་ས་སོགས་སུ་འདུ་ཚོགས་ཁྲོམ་སྐོར་སྤེལ། ཁོ་ཚོས་ཨ་མེ་རི་ཁར་ངོ་རྒོལ་བྱེད་པ་དང་དབྱི་སི་རལ་ལ་ངོ་རྒོལ་བྱེད་པའི་ཁ་གཡང་མཐོན་པོར་བསྒྲགས་པར་མ་ཟད། ཨ་རབ་རྒྱལ་ཁབ་དག་གིས་མཐུན་སྒྲིག་གཅིག་གྱུར་དང་ལངས་ཕྱོགས་གཅིག་གྱུར་བྱེད་དགོས་པའི་འབོད་སྐུལ་བཏང་། འདུ་ཚོགས་ལ་ཞུགས་མཁན་གྱིས་བསྟན་དོན། དུས་རབས་གྲོས་མཐུན་ལ་ཕམ་ཉེས་འབྱུང་སྲིད་པ་དང་། རྒྱུ་མཚན་ནི་དེས་ཕཱ་ལེ་སི་ཐན་གྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་མི་ཐུབ་ལ། དབུས་ཤར་གྱི་ཛ་དྲག་གི་གནས་བབ་སྔར་ལས་ཇེ་སྡུག་ཏུ་གཏོང་སྲིད་པས་རེད་ཟེར། 

ངོ་རྒོལ་བྱ་འགུལ་ལ་ཞུགས་པའི་ཅོར་ཏན་གྱི་དགེ་རྒན་སཱ་ཨར་མཱ་ཨ་ལི་ཡིས་གསར་འགོད་པར་བཤད་རྒྱུར། ང་ཚོས་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་ས་ཁོངས་བཙན་བཟུང་བྱེད་པར་སྟབས་བདེ་བཟོས་པའི་གྲོས་མཐུན་དེ་ཁས་ལེན་བྱེད་མི་སྲིད་ཟེར། 

ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་ཉིན་དེར་ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ལ་ཁ་པར་བཏང་སྟེ། ཅོར་ཏན་གྱིས་ཕཱ་ལེ་སི་ཐན་གནད་དོན་ཐད་ཀྱི་འགྱུར་མེད་ལངས་ཕྱོགས་བསྐྱར་སྒྲོག་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་རྨང་གཞིའི་སྟེང་ས་ཁུལ་གྱི་ཞི་བདེ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།