ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་བྱང་ཕྱོགས་སུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གི་དམག་དོན་རྟེན་གཞི་ཞིག་ལ་མེ་སྒྱོགས་ཀྱི་འཇབ་རྒོལ་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་དམག་ཕྱོགས་ཀྱིས་ཟླ་དང་པོའི་ཚེས་སོ་གཅིག་ཉིན་བཤད་རྒྱུར། དབྱི་རག་བྱང་ཕྱོགས་ཀྱི་ནེ་ནེ་ཝེ་ཞིང་ཆེན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གི་དམག་དོན་རྟེན་གཞི་ཞིག་ལ་ཉིན་དེའི་དགོང་མོར་མེ་སྒྱོགས་ལྔའི་འཇབ་རྒོལ་ཐེབས་ཀྱང་། མི་སྣར་ཤི་རྨས་ཐེབས་མེད་ཟེར། 

དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། མེ་སྒྱོགས་ལྔ་ནེ་ནེ་ཝེ་ཞིང་ཆེན་གྱི་ལྟེ་གནས་མའོ་སུའུ་ཨར་ལྷོ་ངོས་ཀྱི་ཀའེ་ཡཱ་ལཱ་མཁའ་དམག་རྟེན་གཞིའི་ཉེ་སར་ལྷུང་ཡང་། འཇབ་རྒོལ་དེ་ལས་མི་སྣར་ཤི་རྨས་བཟོས་མེད་ཟེར། མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད། 

མིང་བཤད་མི་འདོད་པའི་མའོ་སུའུ་ཨར་གྱི་བདེ་འཇགས་དཔོན་པོ་ཞིག་གིས་བཤད་རྒྱུར། མེ་ཤུགས་འཕུར་མདའ་འགའ་ཀའེ་ཡཱ་ལཱ་མཁའ་དམག་རྟནེ་གཞིའི་ས་ཁོངས་ནང་དུ་ལྷུང་ཡོད་ཟེར། 

མིག་སྔར་ཨ་མེ་རི་ཁའི་དམག་མི་སྟོང་ལྔ་ཙམ་དབྱི་རག་ཏུ་བཅའ་སྡོད་བྱས་ཡོད་ཅིང་། ལས་འགན་གཙོ་བོ་ནི་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་པ་དང་དམག་དོན་བློ་འདྲི་བའི་འགན་ཁུར་ཡོད་ལ། ཞོར་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དབྱི་རག་མངའ་ཁོངས་ཀྱི་ལྷག་འཕྲོར་ཆམ་ཕབ་གཏོང་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།