ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་དང་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་གྱི་དུས་རབས་གྲོས་མཐུན་ཐད་ནས་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་གཉིས་ཀྱིས་ཟླ་དང་པོའི་ཚེས་སུམ་ཅུའི་ཉིན་མའོ་སི་ཁི་ནས་ཨ་མེ་རི་ཁ་ཕྱོགས་ཀྱིས་ཉེ་སྔོན་ཁྱབ་སྒྲོག་བྱས་པའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བའི་དུས་རབས་གྲོས་མཐུན་སོགས་ཀྱི་ཐད་ནས་གྲོས་མོལ་བྱས། 

བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་གྲོས་མོལ་མགོ་མ་བརྩམས་གོང་བསྟན་དོན། ཁོ་དང་ནེ་ཐཱ་ནི་ཡཱ་ཧུའུ་གཉིས་ཀྱིས་ཨུ་རུ་སི་དང་དབྱི་སི་རལ་ཕྱོགས་གཉིས་ཀྱི་འབྲེལ་བ་དང་ས་ཁུལ་གྱི་གནས་བབ། དེ་མིན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་དཔལ་འབྱོར་དང་མི་གཞུང་ཁྱབ་ཁོངས་ནས་བླངས་པའི་གྲུབ་འབྲས་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བསྟན་དོན། ཕུའུ་ཅིན་ནི་ཁོས་ཨ་མེ་རི་ཁར་འཚམས་འདྲི་བྱས་ཏེ་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་དང་མཉམ་དུ་དུས་རབས་གྲོས་མཐུན་ཁྱབ་སྒྲོག་བྱས་རྗེས་ཐུག་འཕྲད་བྱས་པའི་མགོ་ཁྲིད་པ་ཐོག་མ་ཡིན་པས། ཁོས་ཕུའུ་ཅིན་དང་མཉམ་དུ་དུས་རབས་གྲོས་མཐུན་ལ་གྲོས་བསྡུར་བྱས་ཏེ་ཨུ་རུ་སིའི་ཕྱོགས་ཀྱི་བསམ་འཆར་ལ་ཉན་འདོད་པར་མ་ཟད། ཞི་བདེ་དང་བདེ་འཇགས་ཇི་ལྟར་འཛུགས་པའི་ཐད་མཉམ་དུ་འབད་བརྩོན་བྱེད་པར་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར། 

ཐཱ་སི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཕུའུ་ཅིན་དང་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་དུས་རབས་གྲོས་མཐུན་གྱི་ནང་དོན་དང་དེའི་ས་ཁུལ་གྱི་ཤུགས་རྐྱེན། དེ་མིན་སི་རི་ཡཱའི་གནད་དོན་སོགས་ལ་གྲོས་བསྡུར་བྱས་ཟེར། 

ཉིན་དེའི་ཕྱི་དྲོར། ཨུ་རུ་སི་ཡིས་དུས་རབས་གྲོས་མཐུན་ལ་རྒྱབ་སྐྱོར་བྱེད་མིན་གྱི་གནད་དོན་ལ་ལན་འདེབས་སྐབས། ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཆེན་མོ་ཕའེ་སི་ཁི་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་མུ་མཐུད་དུ་གྲོས་མཐུན་དེར་དབྱེ་ཞིབ་དང་ཞིབ་འཇུག་བྱེད་རྒྱུ་ཡིན་ཟེར། 

གཞན་ཡང་དབྱི་སི་རལ་གྱི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་གྲོས་མོལ་བྱེད་སྐབས་ཕུའུ་ཅིན་ལ་དུས་རབས་གྲོས་མཐུན་གྱི་ནང་དོན་མཚམས་སྦྱོར་བྱས་པ་དང་། ཕྱོགས་གཉིས་ཀྱིས་ད་རུང་དབྱི་ལིང་གི་སི་རི་ཡཱའི་དམག་དོན་བཀོད་སྒྲིག་ཇི་ལྟར་རིམ་བཞིན་མེད་པར་གཏོང་བ་དང་། སི་རི་ཡཱའི་གནས་བབ་ཀྱི་མ་འོངས་པའི་འཕེལ་རྒྱས་སོགས་ལ་གྲོས་བསྡུར་བྱས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།