ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཏོན་པའི་འཛམ་གླིང་ཡོངས་ཀྱི་གྲོས་མོལ་སྤེལ་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཏོན་པའི་མིའི་རིགས་ཀྱི་མདུན་ལྗོངས་དང་འབྲེལ་བའི་འཛམ་གླིང་ཡོངས་ཀྱི་གྲོས་མོལ་གྱི་བྱ་འགུལ་ཐོག་མ་ཟླ་དང་པོའི་ཚེས་ཉེར་དགུའི་ཉིན་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་སྤེལ། ཐེངས་འདིའི་བྱ་འགུལ་ལས་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ་དོན་ལྔ་འགོར་བར་རྗེས་དྲན་བྱེད་པར་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་སྤེལ་བའི་གྲོས་མོལ་བྱ་འགུལ་རབ་དང་རིམ་པ་དངོས་སུ་སྤེལ་མགོ་བརྩམས་པ་མཚོན་ཡོད། 

ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་དང་། ཅོར་ཏན་དང་ཨ་ཀིན་ཐིན། ནེ་ཀྲི་རི་ཡཱ། པུ་ལི་ཧྲི། ནེ་པཱ་ལཱ། རོ་མཱ་ནི་ཡཱ་བཅས་ནས་ཡོང་བའི་ན་གཞོན་ཕོ་མོ་དྲུག་གིས་ནམ་ཟླའི་འགྱུར་ལྡོག་དང་ཕོ་མོ་འདྲ་མཉམ། དྲ་རྒྱའི་ནག་ཉེས། མིས་བཟོས་རིག་ནུས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་སྟེགས་བུ་ཡིན་པའི་ནུས་པ་སོགས་མིའི་རིགས་ཀྱི་མ་འོངས་པར་འབྲེལ་བའི་གླེང་གཞི་གལ་ཆེན་རེ་འགའི་ཐད་ནས་ཕན་ནུས་ལྡན་པའི་གྲོས་མོལ་བྱས། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ན་གཞོན་གཙོར་བྱེད་པའི་ཐོག་མའི་བྱ་འགུལ་དེས་ལོ་གཅིག་རིང་གི་འཛམ་གླིང་ཡོངས་ཀྱི་གྲོས་མོལ་ལ་རྩ་བའི་རྨང་གཞི་བཏང་ཡོད་ཟེར། ཁོས་རྒྱལ་ཁབ་སོ་སོའི་ན་གཞོན་གྱིས་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པའི་འཇིག་རྟེན་ཞིག་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད་ནུས་པ་སྔར་ལས་གལ་ཆེན་འདོན་པར་གྲོས་བསྡུར་བྱེད་དགོས་པའི་རེ་བ་བཏོན། 

ཅོར་ཏན་ནས་ཡོང་བའི་ཅཱ་ཧན་ལི་ཧྥ་དབྱེ་ཡིས་བཤད་རྒྱུར། འཐབ་འཁྲུག་དབང་གིས་རང་ཁྱིམ་དང་བྲལ་བའི་མི་བྱེ་བ་བདུན་དང་ས་ཡ་གཅིག་ལྷག་ཡོད་པ་དེ་དག་སྔ་མོ་ནས་ཕྱིར་རང་ཡུལ་དུ་ལོག་ཐུབ་པར་རེ་བས་ཁེངས་ཡོད་ཟེར། 

རོ་མཱ་ནི་ཡཱ་ནས་ཡོང་བའི་ཁི་ལི་སི་ཏིས་ནཱ་ཕའེ་ཐི་ཁུའུ་ཡིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ་དོན་ལྔ་འགོར་བར་རྗེས་དྲན་བྱེད་པ་དེ་འཛམ་གླིང་ཡོངས་བཅོས་སྐྱོང་དང་གསར་གཏོད། བཅོས་བསྒྱུར་བྱེད་པའི་གོ་སྐབས་གལ་ཆེན་ཞིག་ཏུ་འགྱུར་བའི་རེ་བ་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།