ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ནི་རྒྱལ་སྤྱིས་དོ་སྣང་བྱེད་པའི་གློ་བུར་དུ་བྱུང་བའི་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་དུ་ཁྱབ་སྒྲོག་བྱས་པའི་ཐད་ནས་གསར་འགོད་པའི་དྲི་བར་ལན་བཏབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲོན་དབྱིན་གྱིས་ཟླ་དང་པོའི་ཚེས་སོ་གཅིག་ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ནི་རྒྱལ་སྤྱིས་དོ་སྣང་བྱེད་པའི་གློ་བུར་དུ་བྱུང་བའི་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་དུ་ཁྱབ་སྒྲོག་བྱས་པའི་ཐད་ནས་གསར་འགོད་པའི་དྲི་བར་ལན་བཏབ། 

གསར་འགོད་པས་འདྲི་རྒྱུར། མིག་སྔར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ནི་རྒྱལ་སྤྱིས་དོ་སྣང་བྱེད་པའི་གློ་བུར་དུ་བྱུང་བའི་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་དུ་ཁྱབ་སྒྲོག་བྱས་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་དོན་དེར་ལྟ་ཚུལ་ག་འདྲ་བཟུང་ཡོད། 

ཧྭ་ཁྲོན་དབྱིན་གྱིས་བཤད་རྒྱུར། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་ཚུན་ལ། ཀྲུང་གོའི་སྲིད་གཞུང་གིས་ནམ་རྒྱུན་མི་དམངས་ཀྱི་བདེ་ཐང་ལ་འགན་ཆེན་པོ་ཁུར་བའི་རྣམ་འགྱུར་གྱིས་འགོག་བཅོས་ཚོད་འཛིན་བྱེད་ཐབས་ནན་མོ་ལག་བསྟར་བྱས་པ་དང་། བྱེད་ཐབས་མང་བོ་ཞིག་རྒྱལ་སྤྱིའི་འཕྲོད་བསྟེན་སྲོལ་ཡིག་གི་རེ་བ་ལས་བརྒལ་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཐེངས་འདིའི་རིམས་ནད་འགོག་བཅོས་ཚོད་འཛིན་འཐབ་རྩོད་ཁྲོད་རྒྱལ་ཁ་ལོན་པའི་ཡིད་ཆེས་དང་ནུས་པ་ཡོད་ཟེར། 

ཧྭ་ཁྲོན་དབྱིན་གྱིས་བཤད་རྒྱུར། དེའི་ཞོར་དུ་ཀྲུང་གོའི་ཕྱོགས་ཀྱིས་མངོན་གསལ་ཡོངས་བསྒྲགས་དང་འགན་ཁུར་བའི་རྣམ་འགྱུར་གྱིས་འབྲེལ་ཡོད་ཕྱོགས་སོ་སོར་དུས་ལྟར་རིམས་ནད་ཀྱི་གནས་ཚུལ་སྙན་ཞུ་བྱེད་པ་དང་། ནད་དུག་གི་གཞི་རྒྱུའི་ཞིབ་འཇུག་མཉམ་སྤྱོད་བྱས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་ཁབ་མང་བོས་དོན་དེར་ཁས་ལེན་དང་གདེང་འཇོག་གང་ལེགས་བྱེད་བཞིན་ཡོད་ཟེར། 

ཧྭ་ཁྲོན་དབྱིན་གྱིས་བཤད་རྒྱུར། ཀྲུང་གོས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་བར་ནམ་རྒྱུན་འབྲེལ་འདྲིས་དང་མཉམ་ལས་བཟང་བོ་བྱེད་བཞིན་ཡོད་ཅིང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཆེད་མཁས་པ་ཝུའུ་ཧན་དུ་ཡོང་སྟེ་ཡུལ་དངོས་ནས་རྟོག་ཞིབ་བྱས། སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཉེ་སྔོན་ཀྲུང་གོར་འཚམས་འདྲི་བྱས་ཏེ། ཀྲུང་གོའི་ཕྱོགས་དང་མཉམ་དུ་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བའི་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། ཀྲུང་གོའི་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བར་ཁས་ལེན་གང་ལེགས་བྱས་པར་མ་ཟད། ཀྲུང་གོས་རིམས་ནད་འགོག་བཅོས་ཚོད་འཛིན་བྱས་ཏེ་འཛམ་གླིང་གི་འཕྲོད་བསྟེན་ཐད་བྱས་རྗེས་གལ་ཆེན་བཞག་པར་གཟེངས་བསྟོད་ཆེན་པོ་བྱས། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་ཁབ་སོ་སོའི་བར་མཉམ་ལས་བྱས་ཏེ་འཛམ་གླིང་ཡོངས་དང་ས་ཁུལ་གྱི་སྤྱི་བའི་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།