ཨ་མེ་རི་ཁའི་དམངས་གྲོས་ཁང་གིས་བོད་འབྲེལ་བཅའ་ཁྲིམས་འཆར་ཟིན་ལ་གྲོས་མཐུན་བཀོད་པ་དང་ཀྲུང་གོའི་ཕྱི་འབྲེལ་པུའུ་ཡིས་རྒོལ་ལན་སྤྲད།

ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲོན་དབྱིན་གྱིས་ཚེས་ཉེར་དགུའི་ཉིན་ཨ་མེ་རི་ཁའི་རྒྱལ་ཚོགས་དམངས་གྲོས་ཁང་ནས་ཉིས་སྟོང་བཅུ་དགུ་ལོའི་བོད་ལྗོངས་སྲིད་ཇུས་དང་རྒྱབ་སྐྱོར་བཅའ་ཁྲིམས་འཆར་ཟིན་ལ་གྲོས་མཐུན་བཀོད་པའི་ཐད་ནས་གསར་འགོད་པའི་དྲི་བར་ལན་བཏབ། 

གསར་འགོད་པའི་དྲི་བ། བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་རྒྱལ་ཚོགས་དམངས་གྲོས་ཁང་གིས་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོར་གྲོས་ཞིབ་བྱས་ཏེ་ཉིས་སྟོང་བཅུ་དགུ་ལོའི་བོད་ལྗོངས་སྲིད་ཇུས་དང་རྒྱབ་སྐྱོར་བཅའ་ཁྲིམས་འཆར་ཟིན་ལ་གྲོས་མཐུན་བཀོད། ཀྲུང་གོའི་ཕྱོགས་ཀྱིས་དོན་དེར་དཔྱད་བརྗོད་ག་འདྲ་སྤེལ་བཞིན་ཡོད་དམ། 

ཧྭ་ཁྲོན་དབྱིན་གྱིས་བཤད་རྒྱུར། ཨ་མེ་རི་ཁའི་རྒྱལ་ཚོགས་དམངས་གྲོས་ཁང་གིས་ཉིས་སྟོང་བཅུ་དགུ་ལོའི་བོད་ལྗོངས་སྲིད་ཇུས་དང་རྒྱབ་སྐྱོར་བཅའ་ཁྲིམས་འཆར་ཟིན་ཞེས་པར་གྲོས་འཆམ་བྱུང་བའི་བྱ་སྤྱོད་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་རྩ་དོན་དང་རྒྱབ་འགལ་དུ་སོང་ཡོད་ལ། སྤྱོད་པ་རྩུབ་མོས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱས་པ་དང་། བོད་རང་བཙན་སྟོབས་ཤུགས་ལ་ནོར་འཆུག་གི་བརྡ་བཏང་བ་རེད། ཀྲུང་གོའི་ཕྱོགས་ཀྱིས་དོན་དེར་ཁོང་ཁྲོ་དྲག་པོས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད། 

ཧྭ་ཁྲོན་དབྱིན་གྱིས་བསྟན་དོན། བོད་ལྗོངས་ནི་གནའ་ནས་བཟུང་ཀྲུང་གོའི་མངའ་ཁོངས་ཡིན་ཞིང་། བོད་ལྗོངས་ཀྱི་ལས་དོན་དེ་ཀྲུང་གོའི་ནང་སྲིད་དུ་གཏོགས་པས། ཕྱི་ཕྱོགས་ཀྱི་སྟོབས་ཤུགས་གང་རུང་གིས་ཐེ་གཏོགས་བྱེད་མི་རུང་། འདས་པའི་ལོ་ངོ་དྲུག་ཅུ་ལྷག་གི་རིང་ལ། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས། སྐྱེ་ཁམས་སོགས་ཁྱབ་ཁོངས་སོ་སོ་ནས་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་འགྱུར་ལྡོག་བྱུང་ཡོད། མིག་སྔར་བོད་ལྗོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་དང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་གཏན་འཇགས་ཡིན་ལ། རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་རོགས་ལས་བྱེད་བཞིན་ཡོད་པ་དང་། ཆོས་ལུགས་འཆམ་མཐུན་བདེ་བླག་ཡིན་ལ། རིག་གནས་དར་རྒྱས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པར་མ་ཟད། སྐྱེ་ཁམས་ཁོར་ཡུག་བཟང་བ་དང་མི་དམངས་ཀྱི་འཚོ་བར་རྒྱུན་ཆད་མེད་པར་ལེགས་བཅོས་འབྱུང་བཞིན་ཡོད། བོད་ལྗོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཀྲུང་གོའི་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་སྲིད་ཇུས་སྣ་ཚོགས་ལ་གོང་བཀུར་བྱེད་པ་དང་། རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་ཆེད་ཧུར་ཐག་སྒོས་འབད་འཐབ་བྱེད་བཞིན་ཡོད། ཉེ་བའི་ལོ་འགའི་རིང་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ལྗོངས་ཀྱི་དོན་དངོས་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱུང་ཡོད་པ་དང་། ཀྲུང་གོའི་བོད་འབྲེལ་སྲིད་ཇུས་ལ་སྔར་ལས་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར། 

ཧྭ་ཁྲོན་དབྱིན་གྱིས་བསྟན་དོན། བོད་འབྲེལ་གནད་དོན་ནི་མི་རིགས་གནད་དོན་དང་ཆོས་ལུགས་གནད་དོན་མ་ཡིན་པ་དང་། འགྲོ་མིའི་ཐོབ་ཐང་གནད་དོན་ཡང་མིན་པར། ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་འབྲེལ་བའི་རྩ་དོན་གྱི་གནད་དོན་ཆེན་པོ་ཞིག་ཡིན། ང་ཚོས་ཨ་མེ་རི་ཁས་དངོས་ཡོད་དང་མཐུན་པའི་སྒོ་ནས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་གྲུབ་འབྲས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་། བོད་འབྲེལ་གནད་དོན་གྱི་ཚོར་སྐྱེན་རང་བཞིན་ལ་ངོས་འཛིན་གསལ་བོ་བྱས་ཏེ། མྱུར་དུ་ནོར་འཆུག་ཡོ་བསྲང་སྒོས་བོད་འབྲེལ་གནད་དོན་བེད་སྤྱད་དེ་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་མཚམས་བཞག་སྟེ། ཀྲུང་གོ་དང་ཨ་མེ་རི་ཁའི་ཡིད་ཆེས་དང་མཉམ་ལས་ལ་ཕན་ཐོགས་ཡོད་པའི་དོན་དག་མང་དུ་བསྒྲུབ་དགོས་པའི་སྐུལ་མ་གཏོང་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། འབུམ་པ་རྒྱལ།

དཔྱད་མཆན 0 ཡོད།