ཀྲུང་གོ་བོད་ཀྱི་དྲ་བ།

ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་ས་ཁུལ་གྱི་བུད་མེད་ཚོགས་ཆེན་ནས་ཕོ་མོ་འདྲ་མཉམ་དང་བུད་མེད་ཀྱི་བདག་དབང་ལ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2020-01-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་ས་ཁུལ་གྱི་བུད་མེད་ཚོགས་ཆེན་སྐབས་བཅུ་བཞི་བ་ཚེས་ཉེར་བརྒྱད་ཉིན་ཧྲིན་ཏིས་ཡཱ་ཀི་ནས་སྤེལ་མགོ་བརྩམས་པ་དང་། ཚོགས་ཆེན་ནས་ཕོ་མོ་འདྲ་མཉམ་དང་བུད་མེད་ཀྱི་བདག་དབང་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་། 

ཚོགས་ཆེན་དེའི་གཙོ་སྒྲུབ་མཁན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ལག་བསྟར་དྲུང་ཡིག་ཆེན་མོ་པཱ་ཨར་སེ་ནཱ་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་ས་ཁུལ་གྱི་རྒྱལ་ཁབ་དག་གིས་ཕོ་མོ་འདྲ་མཉམ་སོགས་དང་འབྲེལ་བའི་དམ་བཅའ་མྱུར་དུ་དངོས་འབེབ་བྱས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་ས་ཁུལ་གྱི་རྙོག་འཛིང་གི་དཔལ་འབྱོར་གནས་ཚུལ་ཐག་གཅོད་བྱེད་པ་དང་། ས་ཁུལ་གྱི་ཆབ་སྲིད་དང་ཚན་རྩལ། མི་གྲངས། ནམ་ཟླའི་འགྱུར་ལྡོག་སོགས་ལས་བྱུང་བའི་འགྲན་རྩོད་ཐག་གཅོད་བྱེད་དགོས། 

པཱ་ཨར་སེ་ནཱ་ཡིས་བཤད་རྒྱུར། ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཆུ་ཚད་དང་འཕེལ་རྒྱས་སྒུལ་ཤུགས་ཀྱིས་བུད་མེད་ལ་སྔར་ལས་ལྷག་པའི་དཔལ་འབྱོར་རང་བདག་དབང་ཆ་ཐོབ་པར་ཆ་རྐྱེན་གང་ལེགས་བསྐྲུན་མི་ཐུབ་པ་དང་། སྐྱེས་པ་དང་བུད་མེད་ཀྱི་ལས་ཞུགས་ཚོང་རར་ཞུགས་པའི་བསྡུས་ཚད་ལ་ཁྱད་པར་ཅུང་ཆེ་བར་མ་ཟད། ཕོ་མོ་འདྲ་མཉམ་མིན་པ་ནི་སྔར་བཞིན་ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་ས་ཁུལ་གྱི་འབུར་དུ་ཐོན་པའི་ཁྱད་ཆོས་ཤིག་རེད་ཟེར། 

ཚོགས་ཆེན་ནས་སྤེལ་བའི་ཁ་ཡིག་ལ་དཔལ་འབྱོར་ཁོར་ཡུག་གི་འགྱུར་ལྡོག་འོག་གི་བུད་མེད་ཀྱི་རང་བདག་དབང་ཆ་ཞེས་པའི་སྙན་ཞུ་ལས་བཤད་རྒྱུར། ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་ས་ཁུལ་གྱིས་ཕོ་མོ་འདྲ་མཉམ་མིན་པ་ལེགས་བཅོས་བྱེད་པའི་ཐད་ནས་གྲུབ་འབྲས་ངེས་ཅན་བླངས་ཡོད་པ་དང་། ཁྱད་པར་དུ་བཅའ་ཁྲིམས་དང་ལས་ཁུངས་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་བླངས་ཡོད། ཡིན་ཡང་ཕོ་མོ་འདྲ་མཉམ་མིན་པ་ནི་ས་ཁུལ་དེའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་བཀག་རྒྱ་ཆེན་པོ་ཞིག་ཡིན་པར་མངོན། ས་ཁུལ་དེའི་སུམ་ཆའི་གཅིག་གི་བུད་མེད་ལ་རང་ཉིད་ཀྱི་ཡོང་འབབ་མེད་པ་དང་། བུད་མེད་ཀྱི་དབུལ་ཕོངས་གནད་དོན་སྔར་བཞིན་སྐྱེས་པ་ལས་ཅུང་འབུར་ཐོན་དུ་མངོན་ཡོད། 

སྙན་ཞུ་ལས་ས་ཁུལ་གྱི་རྒྱལ་ཁབ་སོ་སོས་སྔར་ལས་ལྷག་པའི་སྒོ་ནས་ཆེ་མཐོང་དཔལ་འབྱོར་དང་ལས་ཞུགས། ཐོན་སྐྱེད། གསར་གཏོད། ལོག་གཡེམ་དྲག་ཤུགས་ལ་ངོ་རྒོལ་བྱེད་པ་སོགས་སྤྱི་བའི་སྲིད་ཇུས་ཇུས་འགོད་བྱས་ཏེ། བུད་མེད་ལ་འདྲ་མཉམ་གོ་གནས་དང་རང་བདག་དབང་ཆ་སྔར་ལས་མང་བོ་སྩོལ་དགོས་པའི་འབོད་སྐུལ་བཏང་། 

ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་ས་ཁུལ་གྱི་བུད་མེད་ཚོགས་ཆེན་ནི་ས་ཁུལ་དེས་ཕོ་མོ་འདྲ་མཉམ་སོགས་གནད་དོན་ལ་གྲོས་བསྡུར་བྱེད་པའི་སྲིད་གཞུང་བར་གྱི་གླེང་སྟེགས་གལ་ཆེན་ཞིག་རེད། སྐབས་འདིའི་གྲོས་ཚོགས་ནི་ཟླ་དང་པོའི་ཚེས་སོ་གཅིག་ཉིན་གྲོལ་རྒྱུ་རེད། 

རྩོམ་སྒྲིག་པ། : འབུམ་པ་རྒྱལ།