མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཀྲུང་གོའི་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བར་རྒྱབ་སྐྱོང་བྱེད་རྒྱུའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་བདུན་ཉིན་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་འགོག་བཅོས་ཚོད་འཛིན་ཐད་འབད་འབུངས་བྱས་པར་གཟེངས་བསྟོད་བྱེད་བཞིན་ཡོད་ཟེར། 

ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་ཀྲང་ཅོན་གྱིས་ཀུའུ་ཐི་ལོས་སི་ལ་ཐུག་འཕྲད་བྱས་ཏེ། ཀྲུང་གོའི་ཕྱོགས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་འགོག་བཅོས་ཚོད་འཛིན་བྱེད་པའི་འབྲེལ་ཡོད་གནས་ཚུལ་དང་བྱ་བར་མཚམས་སྦྱོར་བྱས། 

ཀྲང་ཅོན་གྱིས་ནན་གྱིས་བསྟན་དོན། ཀྲུང་གོའི་སྲིད་གཞུང་གིས་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བར་མཐོང་ཆེན་བྱེད་ཅིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀོད་སྒྲིག་དང་མཛུབ་སྟོན་གལ་ཆེན་གནང་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཁེ་ཕན་གཙོ་བོར་བཟུང་ཞིང་། མྱུར་དུ་ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་དེ་རྒྱལ་ཡོངས་ཀྱི་འགོག་བཅོས་ཚོད་འཛིན་མ་ལག་བཙུགས་པར་མ་ཟད། ཡོངས་བསྒྲགས་མངོན་གསལ་དང་ཚན་རིག་རོགས་ལས་ཀྱི་སྙིང་སྟོབས་བཟུང་སྟེ། འགན་ཆེན་པོ་ཁུར་བའི་རྣམ་འགྱུར་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་བར་མཉམ་ལས་བྱས་ཏེ། ཤུགས་ཆེན་པོས་ནད་པའི་གསོ་བཅོས་དང་རིམས་ནད་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་པའི་བྱ་བ་བཟང་བོར་བསྒྲུབས། མིག་སྔར་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བ་དེ་གནད་འགག་གི་དུས་རིམ་དུ་བསླེབ་ཡོད་པ་དང་། ཀྲུང་གོའི་ཕྱོགས་གཉིས་ཀྱིས་རིམས་ནད་ཀྱི་འགོག་བཅོས་ཚོད་འཛིན་གྱི་འཐབ་རྩོད་ཁྲོད་རྒྱལ་ཁ་ལོན་པའི་ཡིད་ཆེས་ཡོད་ཟེར། 

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། གནད་འགག་གི་སྐབས་འདིར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ལ་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོས་འབད་བརྩོན་ལྷོད་མེད་བྱས་པར་གཟེངས་བསྟོད་བྱས་པ་དང་། ཀྲུང་གོའི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ནུས་པར་ཡིད་ཆེས་ཆེན་པོ་ཡོད་ལ། ཀྲུང་གོའི་ཕྱོགས་ལ་དགོས་ངེས་ཀྱི་རྒྱབ་སྐྱོར་དང་རོགས་རམ་གང་རུང་འདོན་སྤྲོད་བྱེད་འདོད་ཡོད་ཟེར།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།